༢༠༡༠ ཟླ་ ༧ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༣ ཉིན་ཨ་རིའི་ནང་རྟེན་གཞི་བྱས་པའི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཞོན་དང་ཨ་རི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཕེ་རེང་ཝུ་ལོཕ་ (Frank Wolf) མཆོག་གིས་གྲོས་ཚོགས་ནང་ཨོ་བྷ་མའི་སྲིད་གཞུང་གིས་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་བཟང་དུ་གཏོང་རྒྱུའི་ཐོག་ཤུགས་སྣོན་རྒྱག་དགོས་པའི་སྐུལ་མ་གནང་ཡོད་པ་མ་ཟད། ལྷག་པར་བོད་ནང་གི་འགྲོ་བ་མིའི་གནས་སྟངས་ཐོག་ཨ་རིའི་སྲིད་གཞུང་གི་ལངས་ཕྱོགས་སྐོར་གསུང་དོན། ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ནང་བོད་ཀྱི་གནད་དོན་དང་འབྲེལ་བའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་ལྷན་ཁང་ཞིག་གསར་འཛུགས་གནང་རྒྱུའི་གྲོས་ཆོད་བཞག་ཡོད་པ་མ་ཟད། འབྲེལ་མཐུད་ལྷན་ཁང་དེར་རྒྱུན་ལྡན་ཆེད་ལས་པའི་ལས་བྱེད་གསུམ་དང་ལས་བྱེད་འཕར་མ་གཅིག་བཅས་དགོས་གལ་ཐོག་བསྐོ་གཞག་བྱེད་རྒྱུའི་ཐག་གཅོད་བྱུང་ཡོད་ནའང་། ད་ཆ་ལྷན་ཁང་དེར་ལས་བྱེད་མ་འདང་པའི་དཀའ་ངལ་འཕྲད་བཞིན་ཡོད། ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་ཨ་རིའི་གྲོས་ཚོགས་ཀྱི་མཐུན་འགྱུར་འོག་གྲོས་ཚོགས་ནང་བོད་ཀྱི་གྲོས་མོལ་སྙན་ཐོ་ཞིག་འབུལ་དགོས་ཡོད་ནའང་ད་ལན་སྙན་ཐོ་འབུལ་རྒྱུ་ཕྱི་ཤོལ་བྱུང་ཡོད་ཅེས་གསུངས་ཡོད། ད་དུང་ཁོང་གིས་ཨོ་བྷ་མའི་སྲིད་གཞུང་གིས་བོད་ཀྱི་གནད་དོན་དེ་གལ་གནད་ཆེ་བའི་ལས་གཞིར་ངོས་འཛིན་གནང་དགོས་པའི་རེ་འདུན་ཡང་བཏོན་ཡོད། ཕྱོགས་མཚུངས་ཁོང་གིས་སྐབས་དེར་ཨ་རིའི་སྲིད་གཞུང་གིས་སུ་ཌན་དང་། རྒྱ་ནག ཝེ་ཏི་ནམ། བྱང་ཀོ་རི་ཡ། ཨི་རག། ཨི་ཇིབ། མོ་རོ་ཀོ་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་གི་གནས་སྟངས་གོང་འཕེལ་གཏོང་རྒྱུའི་ལས་གཞི་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ་ངོ་སྤྲོད་གནང་ཡོད་པ་མ་ཟད། ལྷག་པར་ཤིང་ཅང་ཁ་ཆེ། བོད་མི་ནང་པ། ཨེ་ཧ་མ་ཌིའི་ཁ་ཆེ། ཀོབ་ཊིག་ཡེ་ཤུ་བ། བྷ་ཧ་ཡི་བཅས་གྲངས་ཉུང་མི་རིགས་ཀྱི་འཐབ་རྩོད་སྐོར་གསལ་བཤད་གནང་ཡོད་འདུག