༢༠༡༢ ཟླ་ ༥ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨོ་སི་ཊི་རི་ཡའི་སྲིད་བློན་སྐུ་ཞབས་ཝར་ནར་ཕ་མན་ (Werner Faymann) མཆོག་རྣམ་གཉིས་རྒྱལ་ས་ཝིན་ནའི་ནང་རྟེན་གཞི་བྱས་པའི་ཡི་ཤུའི་ལྷ་ཁང་སྙན་གྲགས་ཆེ་ཤོས་ཡིན་པ་སེན་ཊེ་སི་ཊེ་ཕན་ལྷ་ཁང་ (St. Stephen’s Cathedral) ཞེས་པ་དེའི་ནང་མཇལ་འཕྲད་མཛད་ཡོད། སྐབས་དེར་ཝིན་ནའི་ཡི་ཤུའི་ཆོས་དཔོན་སྐུ་ཞབས་ཁེ་རི་སི་ཊོབ་ (Christoph Cardinal Schonborn) མཆོག་ཀྱང་ལྷན་བཅར་ཞུས་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྲིད་བློན་རྣམ་གཉིས་གནད་དོན་འདྲ་མིན་ཐོག་གསུང་མོལ་མཛད་སྐབས་ཨོ་སི་ཊི་རི་རྒྱལ་ཁབ་འདི་བཞིན་དུས་རྟག་ཏུ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གྱི་ཕྱོགས་སུ་ལངས་མཁན་ཞིག་ཡིན། ཞེས་འགྲོ་བ་མིའི་ཐོབ་ཐང་དང་འཚེ་མེད་ཞི་བ་སོགས་ཀྱི་སྐོར་གསུང་མོལ་གྲུབ་མཚམས། ༸གོང་ས་མཆོག་གིས་ཝིན་ནའི་གཙུག་ལག་སློབ་ཁང་དུ་ (University of Vienna) ཆིབས་སྒྱུར་བསྐྱངས་ཏེ་ནང་ཆོས་དང་ཚན་རིག་བགྲོ་གླེང་ལྷན་ཚོགས་སུ་བཀའ་སློབ་སྩལ། སྐབས་དེར་གཙུག་ལག་སློབ་ཁང་གི་རེག་ཊར་སྐུ་ཞབས་ཧེང་ཛི་ཨན་ཇེལ་ (Heinz Engl) མཆོག་གིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་མགོན་པོ་གང་ཉིད་མཆོག་གིས་བགྲོ་གླེང་དེར་ལྷན་བཞུགས་མཛད་ཐུབ་པར་ཧ་ཅང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་བ་དང། དུས་རབས་ཉི་ཤུ་པའི་མཇུག་ཏུ་ཚན་རིག་པ་ཚོས་སེམས་དང་སེམས་ཚོར་གྱི་རྣམ་གཞག་ཐོག་དོ་སྣང་བྱེད་འགོ་བཙུགས་ཡོད་པ་དང། མགོན་པོ་གང་ཉིད་མཆོག་སྐུ་ན་ཕྲ་བའི་སྐབས་སྐུ་མདུན་སྐུ་གོང་མའི་འཕྲུལ་ཆས་སྐམ་གློག་དང་གློག་བརྙན་སྟོན་བྱེད་འཕྲུལ་འཁོར་སོགས་ལ་ཐུགས་སྣང་ཆེན་པོ་ཡོད་སྐོར་སོགས་བཀའ་སློབ་སྩལ་བ་མ་ཟད། ལོ་ངོ་བཞི་བཅུ་སྔོན་ཙམ་ནས་༸གོང་ས་མཆོག་གིས་འཇིག་རྟེན་ཁམས་ཀྱི་རིག་པ་ (Cosmology) དང་ཀླད་ཁམས་རིག་པ། ཀོན་ཊོམ་གྱི་རྣམ་གཞག་སོགས་ལ་ཐུགས་སྣང་མཛད་འགོ་བཙུགས་པ་མ་ཟད། ལོ་ངོ་སུམ་ཅུའི་སྔོན་ནས་ཚན་རིག་པ་དང་ལྷན་ཆར་ཅན་བགྲོ་གླེང་མཛད་ཡོད་པ་དང། བགྲོ་གླེང་དེ་དག་མཛད་དགོས་པའི་དགོས་དམིགས་གཙོ་བོ་ནི། ཕྱི་དངོས་པོའི་རྣམ་གཞག་ཐོག་འགྲོ་བ་མིའི་རིག་པའི་རྣམ་གཞག་འཕེལ་རིམ་རྒྱ་ཆེར་གཏོང་རྒྱུ་ཙམ་མིན་པར། ནང་སེམས་ཀྱི་རྣམ་གཞག་དང་། ལྷག་པར་ཞི་གནས་ངང་གནས་བཞིན་པའི་ཉམས་ལེན་པའི་ལུས་ཀྱི་འགྱུར་བ་སོགས་ཀྱི་གནས་སྟངས་ལ་ཚན་རིག་པའི་འཕྲུལ་ཆས་སོགས་ཀྱིས་དཔྱད་པ་བྱས་ཏེ་འགྲོ་བ་མིའི་བདེ་སྐྱིད་གོང་མཐོར་གཏོང་རྒྱུ་ཡིན་སྐོར་བཀའ་སྩལ། བགྲོ་གླེང་ནང་མཉམ་ཞུགས་གནང་མཁན་གཞན་རྣམས་ནི་གཙུག་ལག་སློབ་དཔོན་སྐུ་ཞབས་ཨན་ཊོན་ཛེ་ལིང་གར་ (Dr Anton Zeilinger) མཆོག་དང་ཀལ་ལུ་སི་ (Dr. Klaus-Dieter Mathes) མཆོག དེ་བཞིན་སྐུ་ཞབས་པེ་ཌ་རི་ཛི་ཡ་ཇིམ་པེ་རི་ཌོ་ཆི་ (Dr Patrizia Giampieri-Deutsch) བཅས་ཡིན་འདུག སྤྱིར་མཁས་དབང་རྣམ་པས་སྔ་དྲོའི་བགྲོ་གླེང་གི་ཚོགས་ཐུན་དང་པོའི་སྐབས་བརྗོད་གཞི་གཙོ་བོ་ནི་ཀོན་ཊོམ་གྱི་རྣམ་གཞག་དང་ནང་ཆོས་ནས་དབུ་མའི་ལྟ་གྲུབ་ཀྱི་རྣམ་གཞག དེ་བཞིན་དེང་རབས་པས་སེམས་ཁམས་དཔྱད་རིག་སོགས་ཡིན་ནའང་བགྲོ་གླེང་འཕར་འགྱངས་གནང་བར་རྟེན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བགྲོ་གླེང་ནང་མཉམ་བཞུགས་གནང་མཁན་གྱི་འབྲེལ་ཡོད་མཁས་དབང་ཚང་མར་ཉིན་གུང་གསོལ་ཚིགས་ཤིག་གསོལ་རས་སྩལ་ཡོད། སྐབས་དེར་ཕ་རན་སིའི་ཕྱི་སྲིད་བློན་ཆེན་ཟུར་པ་སྐུ་ཞབས་བྷར་ན་ཌ་ཀོ་ཆར་Bernard Kouchner མཆོག་དང། བཀའ་ཁྲི་བློ་བཟང་སེང་གེ་མཆོག འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལས་འགུལ་བ་སྐུ་ཞབས་བྷི་ཡང་ཀ་ཇེ་གར་Bianca Jagger ལགས་སོགས་ཀྱང་མཉམ་ཞུགས་གནང་ཡོད།
ཉིན་དེའི་ཕྱེད་ཡོལ་དུ་༸གོང་ས་མཆོག་དང་གཙུག་ལག་སློབ་དཔོན་རྣམས་ཀྱིས་ཡིད་བློས་ཡུལ་གྱི་གནས་ལུགས་རྟོགས་ཚུལ་དང། ཀླད་རྩ་དང་རྣམ་ཤེས་དབར་གྱི་འབྲེལ་བའི་སྐོར་ཡིན་འདུག ལྷན་ཚོགས་མཇུག་བསྡོམས་སྐབས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། འདས་པའི་ལོ་སུམ་ཅུ་བཞི་བཅུ་ཙམ་རིང་ངོས་ཀྱིས་ཚན་རིག་པ་མང་པོ་ངོས་ཤེས་ཐུབ་པ་བྱུང་ཡོད། ཁོང་ཚོ་མང་པོ་ཞིག་གིས་ཡིད་བློ་དང་འབྲེལ་བའི་རྣམ་གཞག་མང་པོ་ཞིག་ཐོག་ད་དུང་མ་ཤེས་པ་མང་པོ་ཡོད་པ་ངོས་འཛིན་གནང་གི་འདུག ང་ཚོས་ད་དུང་སློབ་སྦྱོང་བྱེད་དགོས་པའི་ཤེས་བྱའི་རྣམ་གཞག་རྒྱ་ཆེན་པོ་ཡོད་པ་དངོས་ར་ཕྲོད་ཐུབ་པ་དེ་ནི་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་དང་བློ་གཟུ་བོར་གནས་པའི་བསམ་བློ་ཞིག་ཡིན། ཞེས་ཐུགས་དགྱེས་ཚོར་ཆེན་པོས་བཀའ་སློབ་སྩལ། གཞན་ཡང་སྐབས་དེར་ཝཱ་ཎཱ་གཙུག་ལག་སློབ་གཉེར་ཁང་དང་ཝེན་ན་གཙུག་ལག་སློབ་གཉེར་ཁང་གཉིས་དབར་ཤེས་ཡོན་བརྗེ་ལེན་གྱི་ལས་འཆར་དང་འབྲེལ་བའི་ཡིག་ཆའི་ཐོག་ཝཱ་ཎཱ་གཙུག་ལག་སློབ་ཁང་གི་ཉེ་བའི་རིག་བདག་དགེ་བཤེས་ངག་དབང་བསམ་གཏན་ལགས་དང། ཝེན་ན་གཙུག་ལག་སློབ་ཁང་གི་རེག་ཊོར་སྐུ་ཞབས་ཧེན་ཛི་ཨེན་གལ་ལགས་ (Heinz Engl) རྣམ་གཉིས་ཀྱིས་མཚན་རྟགས་བཀོད། ཡིག་ཆ་ལྟར་ན་གཙུག་ལག་སློབ་གཉེར་ཁང་གཉིས་དབར་ཕན་ཚུན་སློབ་ཕྲུག་གཏོང་རེས་དང་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱི་ནང་སློབ་གཉེར་ཆེད་སློབ་ཡོན་གྱི་མཐུན་འགྱུར་ཞུ་རྒྱུ་སོགས་ཡིན་འདུག