༢༠༡༢ ཟླ་ ༥ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །དཔལ་ལྡན་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཕེབས་ནས་ཚོགས་འདུའི་དབུ་འབྱེད་སྣང་གསལ་ཞལ་དབྱེ་གནང་རྗེས། ཚོགས་མི་ཡོངས་ནས་བོད་ནང་བཞུགས་པའི་རང་རིགས་སྐྱེ་བོ་རྣམས་དང་ལྷག་པར་ཉེ་ཆར་བོད་ཕྱི་ནང་གཉིས་སུ་བོད་བསྟན་སྲིད་ཆེད་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་བའི་དཔའ་བོ་དཔའ་བོོ་རྣམས་དང་གདུང་སེམས་མཉམ་བསྐྱེད་དུ་གུས་བཏུད་མྱ་ངན་སྐར་མ་གཅིག་དང་། གནས་ཆུང་གྲྭ་ཚང་གི་ཆོག་གྲྭ་དགེ་འདུན་བཞིས་དབུ་མཛད་ཐོག་བདེན་ཚིག་སྨོན་ལམ་གསུང་འདོན་གནང་། དེ་ནས་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ནས་བཀའ་ཤག་གི་བཀའ་སློབ་ལམ་སྟོན་དང་། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ནས་ཚོགས་འདུའི་ངོ་སྤྲོད་ཀྱི་གསུང་བཤད། བོད་ཀྱི་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་ནས་བཙུན་མའི་ལས་འཆར་གྱིས་རང་རེའི་བཙུན་མ་རྣམས་ཀྱི་བདེ་དོན་ཐད་ཕྱག་ལས་གང་ཞིག་གནང་ལུགས་བཅས་ཀྱི་བཀའ་སློབ་གནང་བའི་གསུང་བཤད་མཛད་རིམ་བསྒྲུབས་རྗེས། ཆོས་རིག་དྲུང་ཆེ་ཆོས་ཁྲི་སྟེང་པ་ངག་དབང་ཆོས་གྲགས་ལགས་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་བཀའ་ཁྲི་མཆོག་གིས་དབུས་གསུང་བཤད་གནང་མཁན་དང་། ཚོགས་ཕེབས་དགེ་འདུན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་བ་དང་བཅས་གསོལ་ཇ་བར་སེང་དུ་ཕེབས།
དེ་ནས་ཚོགས་མི་རྣམས་སླར་ཚོགས་ཁང་དུ་འཛོམས་ནས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་ལོར་རྒྱ་གར་རྒྱལ་ས་ལྡི་ལི་རུ་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ 2011 Global Buddhist Congregation སུ་དགེ་བཤེས་མའི་སྐོར་བཀའ་སློབ་གནང་བ་དང་། ལྷག་པར་བོད་རྒྱལ་ལོ་ ༢༡༣༩ བོད་ཟླ་ ༡ ཚེས་ ༡༥ ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༨ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐུགས་རྗེ་ཆེན་པོའི་བཀའ་དབང་དང་སྐྱེས་རབས་གསུང་ཆོས་གནང་སྐབས་དགེ་བཤེས་མའི་རྒྱུགས་སྤྲོད་འབུལ་ཕྱོགས་ཀྱི་སྒྲིག་གཞི་ཞིག་གང་མྱུར་བཟོ་དགོོས་པའི་བཀའ་བཟང་ཕེབས་པ་རྣམས་ལ་གསན་གཟིགས་གནང་། དེ་ནས་གཙོ་སྐྱོང་བ་ཆོས་རིག་དྲུང་ཆེ་མཆོག་གིས་ལམ་སྟོན་བཞིན་དགེ་ལྡན་ཆོས་གླིང་མཁན་རིན་པོ་ཆེ་དགེ་བཤེས་ཕན་བདེ་རྒྱལ་མཚན་མཆོག་གིས་དགེ་ལྡན་ཆོས་གླིང་དུ་བཙུན་མ་རྣམས་ཀྱིས་སློབ་གཉེར་གནང་སྟངས་དང་། མོན་གྷ་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་དཔེ་ཁྲིད་དགེ་རྒན་དགེ་བཤེས་པ་སངས་འབྲུག་སྒྲ་ནས་བཙུན་དགོན་བྱང་ཆུབ་ཆོས་གླིང་གི་སློབ་གཉེར་ལས་རིམ་སྐོར་དང་། དགེ་བཤེས་བློ་བཟང་བཟོད་པ་ནས་བལ་ཡུལ་བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང་གི་བཙུན་མས་སློབ་གཉེར་གནང་ལུགས། དགེ་བཤེས་ངག་དབང་ཐར་འདོད་ནས་བལ་ཡུལ་བཙུན་དགོན་ཐུགས་རྗེ་ཆོས་གླིང་གི་སློབ་གཉེར་ལམ་ལུགས། བཙུན་མ་བདེ་ལེགས་དབང་མོ་ནས་རྡ་ས་བཙུན་དགོན་སྒྲོལ་མ་གླིང་གི་ངོ་སྤྲོད་བཅས་བཙུན་མ་རྣམས་ཀྱིས་སློབ་གཉེར་གནང་ལུགས་སྙན་སྒྲོན་ཞུས། དེ་བཞིན་མཁན་རིན་པོ་ཆེ་དགེ་བཤེས་ཚུལ་ཁྲིམས་རྒྱ་མཚོ་མཆོག་ནས་རྡ་ས་འཇམ་དབྱངས་ཆོས་གླིང་བཙུན་དགོན་གྱི་སློབ་གཉེར་ལམ་ལུགས་དང་། དེ་ནས་རིགས་ལམ་སློབ་གཉེར་ཁང་གི་འགན་འཛིན་གཞོན་པ་བོད་མི་མང་སྤྱི་འཐུས་དགེ་བཤེས་སྐལ་བཟང་དགྲ་འདུལ་མཆོག་ནས་རྡ་ས་རིགས་ལམ་སློབ་གཉེར་ཁང་གི་ངོ་སྤྲོད་དང་སློབ་གཉེར་གནང་ལུགས་ཀྱི་རིམ་པ་ངོ་སྤྲོད་སྙན་སྒྲོན་ཞུས་པ་བཅས། ཞོགས་པའི་ཚོགས་ཐུན་ལེགས་པར་ཟིན་ནས་ཚོགས་མི་རྣམས་ཉིན་གུང་གསོལ་ཚིགས་སུ་ཕེབས།
དེ་ནས་ཉིན་རྒྱབ་ཆུ་ཚོད་ ༡ པོར་ཚོགས་མི་རྣམས་ཚོགས་ཁང་དུ་སླར་ཡང་འཁོད་ནས་གྲོས་གཞི་དོན་ཚན་ཁག་ལ་བཀའ་བསྡུར་གནང་འགོ་ཚུགས་ཤིང་། ཕྱི་ཟླ་ ༥ ཚེས་ ༡༨ དང་ ༡༩ བཅས་ཉིན་གཉིས་རིང་སྐབས་སུ་བབས་པ་རང་རེའི་བཙུན་དགོན་ཁག་གི་བཙུན་མ་རྣམས་ལ་དགེ་བཤེས་མའི་རྒྱུགས་སྤྲོད་དང་ལག་འཁྱེར་འབུལ་ཕྱོགས་སྐོར་བཀའ་བསྡུར་ཐིལ་ཕྱིན་པ་གནང་སྟེ་སྤྱི་མོས་ཀྱིས་ཐག་གཅོད་གྲོས་ཆོད་བཞག་པ་གཤམ་གསལ།
གྲོས་གཞི་དོན་ཚན་དང་པོ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་དགེ་བཤེས་མའི་ལག་འཁྱེར་གནང་ཕྱོགས་ཐད་བཀའ་སློབ་ལམ་སྟོན་ཕེབས་པར་དངོས་སུ་ལག་བསྟར་ཞུ་ཕྱོགས་སྐོར་སྤྱི་ཡོངས་ཀྱི་བགྲོ་གླེང་གནང་རྒྱུ་ཞེས་པའི་སྐོར།
གྲོས་ཆོད། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་འཛམ་གླིང་ཞི་བདེའི་དེད་དཔོན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་རབས་ཕྲེང་བ་དུ་མ་བརྒྱུད་རང་ཅག་ཁ་བ་ཅན་པ་རྣམས་ཐུགས་རྗེས་རྗེས་སུ་བཟུང་ནས་བོད་མིའི་རང་དབང་སླར་གསོ་བྱ་རྒྱུས་མཚོན་བསྟན་སྲིད་མི་རིགས་དང་བཅས་པའི་བདེ་དོན་སྒྲུབ་ཕྱོགས་ཁོ་ནར་སྨན་པའི་བཀའ་སློབ་ལམ་སྟོན་ཇི་སྙེད་ཅིག་སྨིན་བསྩལ་སྤྱི་དང་། གཅིག་ཏུ་རང་རེ་བཙུན་མ་རྣམས་དགེ་བཤེས་བྱིངས་ཀྱི་ཚད་དང་མཐུན་པར་སློབ་སྦྱོང་བྱ་རྒྱུ་དང་། དེ་ལ་དཔག་པའི་དགེ་བཤེས་ཀྱི་ཚད་འཛིན་ལག་འཁྱེར་ཐོབ་རྒྱུའི་ཐད་ཐུགས་བསྐྱེད་ལྷག་པར་བཞེས་ཏེ་ད་བར་བཀའ་སློབ་རིམ་པར་བསྩལ་བ་རྣམས་ཀྱིས་མཚོན། ལྷག་པར་ཆུ་འབྲུག་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐྱེས་རབས་གསུང་ཆོས་སྐབས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་འགན་ཁུར་ཐོག་བཙུན་མ་རྣམས་ཀྱིས་དགེ་བཤེས་མ་སྒྲུབ་རྒྱུའི་རྩ་འཛིན་སྒྲིག་གཞི་གསར་བཟོ་དགོས་ལུགས་བཀའ་བཟང་ལམ་སྟོན་མཛད་པར་བཙུན་མའི་འདུས་སྡེ་ཡོངས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་རྗེས་དྲན་གྱིས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གྲོས་གཞི་དོན་ཚན་གཉིས་པ། བཙུན་མའི་འདུས་སྡེ་ཁག་ནས་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་ལག་འཁྱེར་འབུལ་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས་གནང་རྒྱུ། ཡང་ན། ལག་འཁྱེར་འབུལ་ཕྱོགས་ཀྱི་སྒྲིག་གཞི་གསར་བཟོ་གནང་མཁན་ཚོགས་ཆུང་ཞིག་གཏན་འབེབས་གནང་རྒྱུ་ཞེས་པའི་སྐོར།
གྲོས་ཆོད། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་ཟིན་བྲིས་ངོ་བོར་ཕུལ་བའི་བོད་པའི་བཙུན་དགོན་ཁག་གི་བཙུན་མ་རྣམས་ནས་དགེ་བཤེས་མའི་རྒྱུགས་སྤྲོད་དང་ལག་འཁྱེར་འབུལ་ཕྱོགས་ཀྱི་སྒྲིག་གཞི་ ༢༠༡༢ ཞེས་པ་དེ་ཉིད་གཏན་འབེབས་གནང་རྒྱུ་དང་། དེ་ལ་ཞིབ་ཕྲ་བཀའ་བསྡུར་གྱིས་བོད་ཀྱི་བཙུན་དགོན་དང་སློབ་གཉེར་ཁང་གི་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་རྒྱུགས་སྤྲོད་དང་ལག་འཁྱེར་འབུལ་ཕྱོགས་ཀྱི་སྒྲིག་གཞི་ ༢༠༡༢ ཞེས་པ་གཏན་འབེབས་ལག་བསྟར་འགེལ་རྒྱུ།
དེའི་ལེའུ་གཉིས་པའི་ནང་གསེས་དོན་ཚན་བཞི་པར། ༼སྒྲིག་ཞུགས་བཙུན་མ་གང་ཞིག་དགེ་བཤེས་མའི་མཚན་གནས་བཞེས་པར་སོ་སོའི་དགོན་སྡེ་དང་སློབ་གཉེར་ཁང་དུ་གཞུང་ཆེན་ཁག་ལ་ཉུང་མཐར་ལོ་བཅུ་བདུན་གྱི་སློབ་སྦྱོང་བྱས་ཟིན་པ་དང་དེའི་རིང་དེ་དག་གི་ཕྱོགས་བསྡོམས་ཆ་སྙོམས་བརྒྱ་ཆ་ ༧༥ ལོན་པ་ཞིག་དགོས།༽ཞེས་པའི་དགོངས་དོན་ཕྱོགས་བསྡོམས་བརྒྱ་ཆ་རྩིས་ཕྱོགས་ཐད་སྒྲིག་འཛུགས་ཁག་ལ་ཆ་སྙོམས་ཡོང་སླད་སྒྲིག་འཛུགས་སོ་སོར་ལོ་བཅུ་བདུན་རིང་སློབ་གཉེར་གནང་ལུགས་ཀྱི་རིམ་པ་གང་ཐུབ་གདན་ས་ཆེན་པོ་གསུམ་གྱི་སློབ་ཚན་ལས་རིམ་དང་མཐུན་པར་སྒྲིག་ཐབས་བྱ་རྒྱུ།
གྲོས་གཞི་དོན་ཚན་གསུམ་པ། ཕྱི་ཟླ་ ༨ ཚེས་ ༡༩ ནས་ ༢༡ བར་མོན་གྷོ་དགའ་ལྡན་བླ་སྤྱིར་འཚོག་རྒྱུའི་དགེ་ལུགས་བསྟན་བདག་དང་མཁན་པོ་རྣམ་པའི་ལྷན་ཚོགས་སུ་བཙུན་མ་རྣམས་ཀྱིས་སོ་སོའི་དགོན་སྡེ་ནང་སློབ་གཉེར་གནང་ཕྱོགས་མཁྱེན་རྟོགས་ཙམ་གྱི་དོན་དུ་སྙན་སྒྲོན་ཞུ་མཁན་བཙུན་མའི་སྐུ་ཚབ་གཉིས་འདེམས་བསྐོ་གནང་རྒྱུ་ཞེས་པའི་སྐོར།
གྲོས་ཆོད། བཙུན་མ་རྣམས་ཀྱི་སྐུ་ཚབ་ཏུ་བོད་ཀྱི་བཙུན་མའི་ལས་འཆར་གྱི་ངེས་སྟོན་པའི་ཕྱག་རོགས་བཙུན་མ་བློ་བཟང་བདེ་ཆེན་དང་སྒྲོལ་མ་གླིང་གི་བཙུན་མ་བདེ་ལེགས་དབང་མོ་གཉིས་བསྐོ་གཞག་ཞུས་པ་ཡིན། བཅས་བོད་རྒྱལ་ལོ་ ༢༡༣༩ ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༩ ལ།།