༢༠༡༢ ཟླ་ ༥ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྒྲུབ་བརྒྱུད་ཉི་མ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༩ ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཅོན་ཏ་ར་བོད་ཁྱིམ་འཚམས་གཟིགས་དང་འབྲེལ་དགེ་ལས་སློབ་ཕྲུག་ཡོངས་ལ་ལམ་སྟོན་གྱི་གསུང་བཤད་གནང་ཡོད། དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༥།༣༠ ཐོག་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང༌། ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས། གཞིས་ལས་ཁག་གསུམ་གྱི་ས་གནས་འགོ་འཛིན་རྣམ་པ་སོགས་སློབ་གྲྭའི་རྒྱལ་སྒོའི་མདུན་ནས་སློབ་སྤྱི་ཆོས་ཉིད་དོན་གྲུབ་ལགས་ཀྱི་དབུས་དགེ་ལས་སློབ་ཕྲུག་ཁག་ནས་རུ་བསྟར་དང་རོལ་ཆའི་ཁྲོད་ཕེབས་བསུ་ཞུས་ཏེ་དབང་པོ་སྐྱོན་ཅན་སློབ་ཕྲུག་སྡོད་ཁང་དང་སྨན་ཁང་། ནད་ཁང་། སློབ་གྲྭའི་འཛིན་ཁང་བཅས་ལ་ལྟ་སྐོར་རྗེས་སློབ་གྲྭའི་ཚོགས་ཁང་དུ་སློབ་གྲྭ་དེའི་དགེ་ལས་སློབ་ཕྲུག་དང་ཅོན་ཏ་ར་སམ་བྷོ་ཊ་སློབ་གྲྭའི་དགེ་ལས་སློབ་ཕྲུག་བཅས་ ༡༠༠༠ བརྒལ་བ་ལྷྷན་ཚོགས་ཐོག་སློབ་སྤྱི་ཆོས་ཉིད་དོན་གྲུབ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་རྗེས་བཀའ་ཁྲི་མཆོག་གིས་ལམ་སྟོན་གསུང་བཤད་གནང་དོན། སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་ཡིག་རྒྱུག་མ་འཕྲོད་པའི་གནས་སྟངས་བྱུང་ངེས་ཡིན། འོན་ཀྱང་སེམས་ཤུགས་མ་ཆག་པར་བསམ་བློའི་འཁྱེར་སོའི་ནང་ཕྱིའི་ཤུགས་རྐྱེན་དང་ནང་གི་ཕ་མའི་དཀའ་ངལ་སོགས་ཇི་ཙམ་གྱི་ཆེ་ཡང་སློབ་སྦྱོང་མུ་མཐུད་བྱེད་སེམས་སམ་པ་ལས་རེ་བ་ནམ་ཡང་དོར་རྒྱུ་མེད། ༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལས་ང་ཚོའི་སློབ་གྲྭ་ཁག་མཐུན་རྐྱེན་ཧ་ཅང་ཡག་པོ་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་སློབ་ཕྲུག་ཚོ་བོད་མི་རིགས་ཀྱི་མ་འོངས་སོན་རྩར་དགོངས་ཏེ་སློབ་སྦྱོང་ཧུར་བསྐྱེས་བྱ་རྒྱུའི་ཐུགས་རེ་ཧ་ཅང་མཛད་བཞིན་ཡོད། བོད་ཁྱིམ་ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་དབུས་ལས་བྱེད་དང་སྦྱིན་བདག་སོགས་ཀྱི་དཀའ་ངལ་བརྒྱབ་སྟེ་བཙུགས་ཐུབ་ཡོད་པར་བརྟེན། ཁོང་རྣམ་པའི་རེ་བ་ནི་སློབ་ཕྲུག་སློབ་སྦྱོང་ཡག་པོ་བྱས་ཏེ་མ་འོངས་པར་རིགས་གཅིག་རྐང་འཛིན་ཐོན་པ་ཡིན་ན། སོ་སོ་སྒེར་དང་ཕ་མ་སྤྱི་ཚོགས་ཞབས་ཞུ་ཆ་ཚང་སྒྲུབ་ཐུབ་ཀྱི་རེད། བཀའ་ཤག་ངོས་ནས་ཀྱང་ཤེས་ཡོན་ཧ་ཅང་གི་གལ་པོ་རྩིས་ཀྱི་ཡོད། ཅེས་སོགས་ཀྱི་ལམ་སྟོན་གསུང་བཤད་གནང་གྲུབ་མཚམས་དྲི་བར་ལན་འདེབས་གནང་རྗེས་དགེ་ཆེ་ཟླ་བ་རྡོ་རྗེ་ལགས་ཀྱིས་ཐུགས་ཆེ་ཞུས་ཏེ་གྲོལ་བ་བཅས།།
ཅོན་ཏ་ར་བོད་ཁྱིམ་སློབ་འདི་ནི་ཕྱི་ལོ་ ༡༩༦༨ དབུ་ཚུགས་པའི་པ་ཏི་ཀུལ་བོད་ཁྱིམ་སློབ་གྲྭར་ཕྱི་ལོ་ ༡༩༨༠ ནས་རིམ་པས་ཆུའི་འཇིག་པ་བྱུང་བར་བརྟེན། བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་ནས་ཕྱི་ལོ་ ༢༠༠༠ ཙམ་ཅོན་ཏ་ར་ས་གནས་སུ་ཨར་ལས་འགོ་བཙུགས་ཏེ་ཕྱི་ལོ་ ༢༠༠༤ ཟླ་ ༡༡ ཚེས་ ༡༩ ཉིན་ྋགོང་ས་མཆོག་གིས་སློབ་གྲྭ་འདི་ཉིད་དབུ་འབྱེད་གནང་སྟེ། ད་ལྟའི་ཆར་སློབ་གྲྭ་དེར་འཛིན་གྲྭ་སྔོན་འགྲོའི་ནས་བཅུ་པ་བར་ཡོད་ཅིང༌། སློབ་ཕྲུག་ཆུང་བའི་ཁྱིམ་ཚང་གྲངས་ ༡༦ དང་སློབ་ཕྲུག་ཆེ་བའི་སྡོད་ཁང་བུ་དང་བུ་མོ་སོ་སོར་བྱས་ཏེ་ ༢ དང་དགེ་རྒན་ལས་བྱེད་གྲངས་ ༡༠༢ སློབ་ཕྲུག་ཁྱོན་བསྡོམས་གྲངས་ ༩༡༣ ཡོད་འདུག་པ་བཅས།།
བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭར་འཚམས་གཟིགས་གནང་བ།
གསར་གནས།
འབྲེལ་གནས།