༢༠༡༢ ཟླ་ ༥ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༨ ཉིན་ཧི་མཱ་ཅལ་མངའ་སྡེའི་ཀངྒ་ར་རྫོང་གི་འགྲེམས་སྟོན་ཁང་གི་ནང་རྒྱ་གར་གནའ་དངོས་ཤུལ་རྫས་དཔྱད་རིག་Archeological survey of India ལོ་བརྒྱ་དང་ལྔ་བཅུ་འཁོར་བའི་དུས་ཆེན་སྲུང་བརྩི་སྐབས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་སྐུ་མགྲོན་གཙོ་བོར་མགྲོན་འབོད་ཞུས་ཡོད།
སྐབས་དེར་བཀའ་བློན་མཆོག་གིས་པར་རིགས་འགྲེམས་སྟོན་ཞིག་དབུ་འབྱེད་གནང་བ་དང་སྦྲགས་མཛད་སྒོར་གསུང་བཤད་གནང་དོན། འགྲེམས་སྟོན་ཁང་དུ་རྒྱལ་ཁབ་སོ་སོའི་བྱུང་རབས་ལོ་རྒྱུས་ཀྱི་དངོས་རྫས་དེ་དག་གཅེས་ཉར་བྱས་ཏེ་བྱུང་རབས་ལོ་རྒྱུས་ལ་དོ་སྣང་དང་སློབ་སྦྱོང་བྱ་རྒྱུའི་མཐུན་རྐྱེན་སྐྲུན་བཞིན་ཡོད། དེར་བརྟེན་ང་ཚོས་ངེས་པར་དུ་འགྲེམས་སྟོན་ཁང་གིས་གནའ་དངོས་ཤུལ་རྫས་དེ་དག་ལ་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། རྒྱལ་རབས་ལོ་རྒྱུུས་ལ་སློབ་སྦྱོང་བྱས་ཏེ་རྒྱལ་ཁབ་སོ་སོའི་ཐུན་མིན་རིག་གཞུང་གི་ཁྱད་ཆོས་དེ་དག་ཤེས་ཐུབ། འཕགས་བོད་གཉིས་ལོ་ངོ་སྟོང་གི་རིང་ལོ་རྒྱུས་ཀྱི་འབྲེལ་བ་དམ་ཟབ་ཡོད། བོད་དུ་ནང་ཆོས་ཐོག་མ་རྒྱ་གར་ནས་དར་བར་བརྟེན། ང་ཚོས་བཀའ་དྲིན་གསབ་དགོས་པ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་བསྟུན་ནང་སྲིད་ལས་ཁུངས་ཀྱི་སྟོན་པའི་ཞལ་ཐང་ཞིག་ནང་སྲིད་བཀའ་བློན་མཆོག་གིས་འགྲེམ་སྟོན་ཁང་དེར་གནང་ཡོད། ཞལ་ཐང་དེའི་སྟེང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཚན་རྟགས་འགོད་གནང་མཛད་ཡོད།
སྐབས་དེར་ཧི་མཱ་ཅལ་མངའ་སྡེའི་ཁྱབ་ཁོངས་ཀྱི་རྒྱ་གར་གནའ་དངོས་ཤུལ་རྫས་དཔྱད་རིག་ལས་ཁུངས་ཀྱི་ཚོགས་གཙོ་མཆོག་གིས་ཞལ་ཐང་དེ་མངའ་སྡེའི་འགྲེམས་སྟོན་ཁང་གི་ཅ་དངོས་རིན་ཐང་ཅན་ཞིག་ཏུ་བརྩི་སྟེ་འགྲེམས་སྟོན་ཞུ་རྒྱུ་ཡིན་སྐོར་གསུངས། གོ་སྒྲིག་ཚོགས་ཆུང་ནས་ཀྱང་བཀའ་བློན་མཆོག་ལ་རིག་པའི་ལྷ་མོ་དབྱངས་ཅན་མའི་འདྲ་སྐུ་ཞིག་ཕྱག་རྟགས་སུ་ཕུལ་ཏེ་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས།།