༢༠༡༢ ཟླ་ ༥ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊི་རི་ཡའི་གྲོང་ཁྱེར་ཀལ་གེན་ཕཌ་ Klagenfurt གྲོང་ཁྱེར་གྱི་ཚོགས་ཁང་ཆེན་མོའི་ནང་དུ་ཤེས་རབ་སྙིང་པོའི་བཀའ་ཆོས་དབུ་འཛུགས་མཛད་ཡོད། དེ་ཡང་ཐོག་མར་མགོན་པོ་གང་ཉིད་མཆོག་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་སྐབས་ཁ་རིན་ཐི་ཡ་ Carinthia ས་ཁུལ་གྱི་སྤྱི་ཁྱབ་གཙོ་འཛིན་པ་མཆོག་དང་གྲོང་སྡེ་སྤྱི་ཁྱབ་པ་སྐུ་ཞབས་ཁི་རི་སི་ཊིན་ཤའི་ཌར་མཆོག་གིས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་སྦྲགས། བཞུགས་གྲལ་དུ་༸ཞབས་སོར་འཁོད་མཚམས་ཚོགས་བཅར་བ་རྣམས་ལ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ངོ་སྤྲོད་ཀྱི་གསུང་བཤད་གནང་རྗེས་ཀལ་གེན་ཕཌ་གྲོང་ཁྱེར་གྱི་གསེར་གྱི་རྟགས་མ་འབུལ་ལམ་ཞུས། སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ཁྱེད་ཚོས་མཛའ་སེམས་འཁོལ་བའི་ངང་ནས་ངོས་ལ་དགའ་བསུའི་འཚམས་འདྲི་གནང་བར་ཧ་ཅང་དགའ་པོ་བྱུང།
མི་མང་གང་ཙམ་ཞིག་ཆོས་གྲོགས་ཀྱི་འདུ་ཤེས་འཛིན་ཏེ་འདིར་ཕེབས་ཡོད། སེམས་ཀྱི་ཚོར་སྣང་ཉམས་སུ་མྱོང་སྟངས་ཐོག་ནས་བརྗོད་ན། ང་ཚོ་ཚང་མ་བདེ་དང་འདོད་པ་དང་སྡུག་བསྔལ་མི་འདོད་པའི་འགྲོ་བ་མི་གཅིག་གྱུར་ཞིག་ཆགས་ཡོད། དེར་ཁྱད་པར་གང་ཡང་མེད། འོན་ཀྱང་གལ་ཏེ་ངོས་ཀྱིས་ངོས་རང་ཨེ་ཤི་ཡའི་མི་རིགས་ཤིག་དང་བོད་པ་ཞིག་ཡིན་བསམ་པ་དང། ཡང་ན་ནང་པ་ཞིག་ཡིན་བསམ་པའི་བསམ་བློ་ཁོར་མ་ཐག་ང་ཚོའི་དབར་བར་ཐག་ཆགས་རྒྱུ་ཡིན་ཞེས་སོགས་ཀྱི་བཀའ་སློབ་སྩལ།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན་ཁ་རིན་ཐི་ཡ་ Carinthia ས་ཁུལ་གྱི་སྤྱི་ཁྱབ་གཙོ་འཛིན་པ་མཆོག་དང་ལྷན་༸གོང་ས་མཆོག་གིས་གསར་འགོད་པ་ཁག་གཅིག་གི་དྲི་བར་བཀའ་ལན་མཛད།
སྐབས་དེར་༸གོང་ས་མཆོག་གིས་གཙོ་བོ་གནད་དོན་གསུམ་ཐོག་བཀའ་སློབ་སྩལ་བ་རྣམས་ནི་དངུལ་དང་དཔལ་འབྱོར་རྐྱང་པས་ནང་གི་བདེ་སྐྱིད་བསྐྲུན་མ་ཐུབ་པར་བརྟེན་ནང་གི་བདེ་སྐྱིད་ངོ་མ་བསྐྲུན་རྒྱུར་བྱམས་པ་དང་བརྩེ་བ། བཟོད་བསྲན་སོགས་འགྲོ་བ་མིའི་ནང་གི་རིན་ཐང་གོང་མཐོར་གཏོང་དགོས་སྐོར་དང། ཆོས་ལུགས་མཐུན་སྒྲིལ་གལ་ཆེ་ཚུལ་སྐོར། ཕྱོགས་མཚུངས་མང་གཙོའི་རིང་ལུགས་ཀྱི་སྤྱི་ཚོགས་ནང་གསར་འགོད་པ་ཚོར་དྲང་བདེན་དང་ཕྱོགས་ལྷུང་སྤང་པའི་ལམ་ནས་གནས་ཚུལ་ཕྱི་གསལ་ནང་གསལ་གང་ཐུབ་བྱ་རྒྱུ་དེ་ནི་མང་གཙོའི་སྤྱི་ཚོགས་ཀྱི་སྲོག་རྩ་ལྟ་བུ་ཡིན་སྐོར་སོགས་བཀའ་སློབ་སྩལ་གྲུབ་བསྟུན། སླར་ཡང་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་བཀའ་ཆོས་མུ་མཐུད་འཕྲོ་སྐྱོང་མཛད། ༸གོང་ས་མཆོག་གི་ཤེས་རབ་སྙིང་པོའི་བཀའ་ཆོས་དེ་བཞིན་ཨི་ཊ་ལི་དང་ཇར་མན། དབྱིན་སྐད་སོགས་ཀྱི་ནང་གསུང་བསྒྱུར་ཞུས་ཡོད། བཀའ་ཆོས་ལེགས་པར་གྲུབ་མཚམས་༸གོང་ས་མཆོག་གིས་བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་ས་གནས་ཡི་ཤུའི་ཆོས་ཚོགས་ཀྱི་དབུ་ཁྲིད་ཁག་གཅིག་དང་ཨོ་སི་ཊི་རི་ཡ་ནང་པའི་ཆོས་ཚོགས་ཀྱི་ཚོགས་གཙོ་བཅས་ལ་མཇལ་ཁ་སྩལ། ཕྱི་ཚེས་ ༡༩ ཉིན་༸གོང་ས་མཆོག་གིས་ཤེས་རབ་སྙིང་པོ་དང་བྱང་ཆུབ་ལམ་སྒྲོན། དེ་བཞིན་རྒྱལ་མཆོག་སྐུ་ཕྲེང་བདུན་པ་ཆེན་པོས་མཛད་པའི་དབུ་མའི་ལྟ་ཁྲིད་དྲན་པ་བཞི་ལྡན་གྱི་མགུར་དབྱངས་དངོས་གྲུབ་ཆར་འབེབས་ཀྱི་བཀའ་ཆོས་འཕྲོ་སྐྱོང་མཛད་དེ་སྨན་ལྷའི་བཀའ་དབང་སྩལ་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།