༢༠༡༢ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། །འདི་གར་ས་གནས་འགོ་འཛིན་ལས་ཁུངས་ཁག་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༡ བར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གིས་བོད་དོན་དང་འབྲེལ་བའི་ལས་འགུལ་སྣེ་མང་སྤེལ་བའི་ལས་བསྡོམས་སྙིང་བསྡུས་གཤམ་གསལ།
ཨོ་རི་ས་ཕུན་ཚོགས་གླིང་གི་ལོ་འཁོར་གཅིག་གི་ལས་བསྡོམས།
༄༅། །ཨོ་རི་ས་ཕུན་ཚོགས་ས་གནས་འགོ་འཛིན་ལས་ཁང་གིས་འདི་ལོའི་ནང་ཕྱི་དྲིལ་ལས་ཁུངས་ནས་བཏང་འབྱོར་བྱུང་བའི་འོད་སྡེར་དང་གསར་ཤོག་གཞིས་གྲོང་ཁག་སོ་སོའི་ནང་མི་མང་ལ་གོ་རྟོགས་སྤེལ་ཆེད་བསྟན་ཡོད་པ་མ་ཟད། འགྲེམས་སྤེལ་ཡང་ཞུས་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༡ ནས་ཉིན་གཉིས་རིང་ས་གནས་འགོ་འཛིན་ལས་ཁང་དང་དབུ་མའི་ལམ་མི་མང་ལས་འགུལ་ཁང་ཐུན་མོང་གི་གོ་སྒྲིག་ཐོག་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་ཟབ་སྦྱོང་གོ་རྟོགས་སྤེལ་བ་སྦྲགས་དཔེ་དེབ་དང་འོད་སྡེར་རྣམས་གཞིས་གྲོང་སྤྱི་མི་བརྒྱུད་མང་ཚོགས་ལ་བགོས་འགྲེམས་དང་། གཞིས་གྲོང་སོ་སོའི་སྤྱི་མི་རེས་མོས་ཀྱིས་བརྙན་འཕྲིན་ Cable network བརྒྱུད་མང་ཚོགས་ལ་བསྟན་དང་སྟོན་མུས་ཡིན་འདུག
བལ་ཡུལ་མཆོད་འཇོར་བོད་མི་ས་གནས་ཀྱི་ལོ་འཁོར་གཅིག་གི་ལས་བསྡོམས།
༄༅། །བལ་ཡུལ་མཆོད་འཇོར་ས་གནས་འགོ་འཛིན་ལས་ཁང་གིས་ས་གནས་འགོ་འཛིན་ཁྱབ་ཁོངས་ས་གནས་ཁག་བཅུའི་མི་མང་གྲངས་ ༤༩༣༦ ནས་མང་གཙོའི་ལམ་ལུགས་ཐོག་ནས་སྐབས་གསུམ་པའི་ས་གནས་འགོ་འཛིན་ཤོང་ནུབ་ཚེ་རིང་དོན་གྲུབ་ལགས་མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བཞིན་རང་གཞུང་ནས་བསྐོ་གཞག་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དུས་ཆེན་ཁག་ཁྱབ་ཁོངས་སེར་སྐྱ་མི་མང་མཉམ་འཛོམས་ཐོག་མཆོད་རྟེན་གཞུང་དགོན་བསམ་གཏན་གླིང་དུ་སྲུང་བརྩི་ཞུ་སྐབས་ས་གནས་ཉེན་རྟོགས་པར་ཆོག་མཆན་ཞུ་གཏུག་ལས་དོན་རིགས་འདི་ག་ལས་ཁུངས་ནས་གནང་བཞིན་པ་དང་། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༥ ཉིན་དབྱིན་ཇིའི་(BBC new channel. Correspondent Mary Kay Magiste)བཙན་བྱོལ་བོད་མིའི་གནས་སྟངས་དང་། བལ་གཞུང་གི་ལྟ་སྟངས། གཞིས་ལུསབོད་ནང་གི་དཀའ་ངལ། མ་འོངས་བོད་མིའི་གནས་སྟངས་བཅས་ཀྱི་དྲི་བར་ལན་འདེབས་ཞུས། ཕྱི་ཟླ་ ༦ ཚེས་ ༦ ཉིན་བལ་ཡུལ་དུ་ཨ་རི་གཞུང་གི་སྐྱབས་བཅོལ་ཐོག་གི་ལས་སྣེ་ (Kelly )ལགས་ཕེབས་སྐབས་བལ་ཡུལ་ནང་གི་གཞུང་འབྲེལ་གནད་ཡོད་མི་སྣ་ལྷན་ཚོགས་ཐོག་ས་གནས་འགོ་འཛིན་མཆོག་ནས་བལ་ཡུལ་ནང་བོད་མིའི་གནས་སྟངས་དཀའ་ངལ་སྐོར་སྙན་སེང་གསལ་བཤད་ཞུས། ཕྱི་ཚེས་ ༢༡ ཉིན་བལ་ཡུལ་ནང་གི་ཨ་རི་གཞུང་ཚབ་ཀྱི་སྐྱབས་བཅོལ་འབྲེལ་མཐུད་པ་(Amanda Jacobson and Mosses B. Pounds)གཉིས་མཇལ་འཕྲད་ཀྱི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་བལ་ཡུལ་ནང་བོད་མིའི་གནས་སྟངས་སྐོར་གསལ་བཤད་ཞུས། ཕྱི་ཟླ་ ༧ ཚེས་ ༡ ཉིན་ཨ་རི་རང་བཙན་དུས་དྲན་སྲུང་བརྩི་ཉིན་མོར་མགྲོན་འབོད་གནང་བར་ལྟར་ས་གནས་འགོ་འཛིན་ཆེད་བཅར་ཞུས་ཡོད།
ཕྱི་ཚེས་ ༢༡ ཉིན་བོད་མི་མང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་དང་། འཇམ་དབྱངས་བཟོད་པ་ལགས་གཉིས་བལ་ཡུལ་བོད་མི་གཞིས་ཆགས་དང་སྒྲིག་འཛུགས་ཁག་ལ་འཚམས་གཟིགས་གྲུབ་རྗེས་ཕྱིར་རྒྱ་གར་དུ་ཕྱིར་ལོག་ཕེབས་སྐབས་ཀཐ་མན་གྲུ་གནམ་ཐང་ནས་ཕྱིའི་རྒྱལ་ཁབ་མི་སེར་ལྟར་གྱི་གནམ་གླ་སྤྲོད་དགོས་བྱུང་བར་ས་གནས་འགོ་འཛིན་དང་ལས་དྲུང་གཉིས་གནམ་གྲུའི་ལས་ཁུངས་སུ་ངོ་བཅར་གྱིས་ཁྲིམས་དང་མི་མཐུན་པའི་བོད་མིར་མཐོང་ཆུང་གི་དངུལ་འབོར་འཕར་མ་བླངས་པ་ནི་ཁྲིམས་འགལ་ཡིན་པས་གསལ་བཤད་ཡིག་ཐོག་དགོས་སྐོར་ཞུ་སྙན་ཕུལ་བར་དངུལ་འབོར་འཕར་མ་བླངས་པ་རྣམས་ཕྱིར་སྤྲོད་ཀྱི་ཕྱིན་ཆད་དེ་རིགས་མི་ཡོང་ཆེད་ལས་བྱེད་ཚོར་ལམ་སྟོན་བཀོད་ཁྱབ་གནང་རྒྱུའི་ཁས་ལེན་སོགས་ས་གནས་ཀྱིས་གསར་ཤོག་དང་གློག་འཕྲིན་ཐོག་གསལ་བསྒྲགས་གནང་ཡོད། ཕྱི་ཟླ་ ༨ ཚེས་ ༤ ཉིན་ཨ་རིའི་གཞུང་མི་སྣ་(Virgina S. Terhar. Program Analyst of Asia and Near East. Bureau of Population. Refugee and Migration) ས་གནས་འགོ་འཛིན་ལས་ཁུངས་སུ་ཕེབས་བསུ་དང་བོད་མིའི་དཀའ་ངལ་སྙན་གསེང་དང་དྲི་བར་ལན་འདེབས་གཡས་གཡོན་དང་ཚེ་རིང་རྒན་གསོ་ཁང་དུ་འཚམས་གཟིགས་སུ་སྣེ་ཁྲིད་ཞུས།
ཕྱི་ཚེས་ ༡༤ ཉིན་ས་གནས་འགོ་འཛིན་བལ་ཡུལ་ནང་ས་གནས་གང་དུ་སྐྱོད་ཆོག་པ་དང་ལས་འགན་སྐོར་ངོ་སྦྱོར་ཞུས་པར་ཀཐ་མན་གྲུ་རྫོང་དཔོན་ནས་ཆོས་འཇོར་བོད་མིའི་སྐྱབས་བཅོལ་ལས་ཁུངས་དང་ས་གནས་འགོ་འཛིན་ངོས་འཛིན་གྱི་བལ་ཡུལ་ནང་ས་གནས་གང་དུ་སྐྱོད་ཆོག་པའི་དམིགས་བསལ་ཡིག་ཐོག་གནང་སོན་བྱུང་། ཕྱི་ཟླ་ ༩ ཚེས་ ༢ ཉིན་ས་གནས་འགོ་འཛིན་ནས་མང་གཙོའི་དུས་ཆེན་སྲུང་བརྩིའི་ཆེད་བལ་གཞུང་རྫོང་དཔོན་དང་ས་གནས་ཉེན་རྟོག་པར་བཀའ་འཁྲོལ་གནང་སྐྱོང་གང་ཐུབ་ཞུས་ཀྱང་བྱུང་མེད། ཕྱི་ཟླ་ ༡༠ ཚེས་ ༦ ཉིན་རྒྱ་ནག་པེ་ཅིང་ནས་ཡིན་པ་རྩོམ་པ་པོ་ཝང་ཡུན་ས་གནས་སུ་སླེབས་སྐབས་ས་གནས་འགོ་འཛིན་གྱིས་བཙན་བྱོལ་བོད་མིའི་གནས་སྟངས་དང་གཞུང་གི་ལྟ་གྲུབ་བལ་ཡུལ་ནང་གི་བོད་མིའི་གནས་སྟངས་སྐོར་འགྲེལ་བཤད་ཞིབ་ཕྲ་ཞུས། ཕྱི་ཚེས་ ༡༨ ཉིན་ཨ་རི་གཞུང་ལས་སྣེ་(Charlotte Oldham Moore.)བལ་ཡུལ་ནང་ཕེབས་སྐབས་ཁྲ་མལ་བདེ་ཆེན་ཟ་ཁང་དུ་ཉིན་དགུང་ཞལ་ལག་ལྷན་འཛོམས་ཐོག་ས་གནས་འགོ་འཛིན་ངོ་བཅར་གྱིས་བོད་མིའི་དཀའ་ངལ་དང་རྒྱ་གཞུང་གིས་བལ་གཞུང་ལ་གནོན་ཤུགས་ཐོག་བོད་མིའི་གནས་སྟངས་ཛ་དྲག་ཏུ་འགྱུར་བཞིན་པ་དང་། ཨ་རིའི་གཞུང་ནས་བོད་མི་སྐྱབས་བཅོལ་ལེན་འཆར་ལྟར་བལ་གཞུང་ལ་ཞུ་གཏུགས་ཀྱི་ལེན་རོགས་ཞུ་རྒྱུ་སོགས་བྱུང་ཡོད། ཕྱི་ཟླ་ ༡༢ ཚེས་ ༢ ཉིན་ཕ་རན་སིའི་བརྙན་འཕྲིན་གསར་འགོད་པ་ལས་ཁུངས་སུ་ཕེབས་སྐབས་ས་གནས་འགོ་འཛིན་གྱིས་བལ་ཡུལ་བོད་མིའི་གནས་སྟངས་སྤྱི་དང་དམིགས་བསལ་སྐྱབས་བཅོལ་ལག་དེབ་དཀའ་ངལ་སྐོར་གསལ་བཤད་དང་རྒྱ་གར་ནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེས་ལས་འགུལ་འདིའི་ཐོག་འབྲེལ་མཐུད་གནང་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༣ ཉིན་(Correspondent of Aljazeera TV news channel) གསར་འགྱུར་བརྙན་འཕྲིན་ཐོག་སྟོན་པའི་བཀའ་ཤག་གི་བཀོད་ཁྱབ་བཞིན་གདུང་སེམས་མཉམ་སྐྱེའི་ཞབས་རིམ་གསོག་སྒྲུབ་སྐབས་དང་བོད་མིའི་གནས་སྟངས་དྲི་བ་ཁག་ལ་ལན་འདེབས་ཞུས་ཡོད། དེ་བཞིན་ཨ་རི་གཞུང་གི་ལས་སྣེ་(Jennifer Hendrix.)མཆོག་བལ་ཡུལ་ཕེབས་སྐབས་བལ་ཡུལ་དུ་བོད་མིའི་གནས་སྟངས་དམིགས་བསལ་བོད་མིའི་གནས་སྟངས་དཀའ་ངལ་སྐོར་སྙན་གསེང་གི་ཨ་རི་གཞུང་དང་མི་མང་ནས་སྔར་ལྷག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས།
ཕྱི་ཚེས་ ༢༧ ཉིན་དཔལ་འབྱོར་གསར་ཤོག་གི་གསར་འགོད་པར་འདི་ལས་ཁུངས་ནས་བོད་མིའི་གནས་སྟངས་དང་དྲི་བ་ཁག་ལ་ལན་འདེབས་ཞུས་ནས་ཕྱི་ཟླ་ ༣ ཚེས་ ༩ ཉིན་བཀོད་དེ་འཛམ་གླིང་གང་སར་ཁྱབ་ཐུབ་པ་བྱུང་ཡོད། བོད་མིའི་གསུམ་བཅུའི་དུས་དྲན་ཐེངས་ ༥༣ འདི་མཆོད་རྟེན་ཁུལ་གྱི་གཞུང་དགོན་བསམ་གཏན་གླིང་དུ་སྲུང་བརྩི་མ་གནང་གོང་ས་གནས་འགོ་འཛིན་དང་། བལ་ཡུལ་དོན་གཅོད་ཁང་གི་དྭང་བླང་བོད་མིའི་འབྲེལ་མཐུད་མཉམ་ཀཐ་མན་གྲུ་རྫོང་དཔོན་ལས་ཁུངས་དང་མཆོད་རྟེན་ཉེན་རྟོག་ལས་ཁུངས་སུ་ངོ་བཅར་གྱིས་བཀའ་འཁྲོལ་ཞུས་ཏེ་ཀོ་པན་དགོན་པ་དང་སློབ་གྲྭ་ཁག་རྒྱལ་འཕགས་འཇོ་ཁེལ་ནས་ཕེབས་མི་ཚོར་བཀག་ཉར་མེད་པ་དུས་ཆེན་སྲུང་བརྩི་གང་ལེགས་བྱུང་ཡོད་འདུག
སིམ་ལ་དབྱངས་ཅན་དགའ་ཚལ་གླིང་གི་ལོ་འཁོར་གཅིག་གི་ལས་བསྡོམས།
༄༅། །སིམ་ལ་དབྱངས་ཅན་དགའ་ཚལ་གླིང་དུ་ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་དུས་ཆེན་མཛད་སྒོར་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཨོན་ཀར་ཤ་མརམཆོག་དབུས་གཞན་རྒྱ་གར་དཔོན་རིགས་ཁག་དང་རྒྱུན་གཏན་འབྲེལ་གཏུག་བྱེད་ཡུལ་རྒྱ་གར་ལས་ཁུངས་ཁག་གི་ལས་བྱེད་རྣམ་པ། མི་མང་ཚོགས་སྡེ་ཁག་རྒྱུན་ལས། དགེ་ལས་སློབ་ཕྲུག་བཅས་ལྷན་འཛོམས་ཐོག་ས་གནས་འགོ་འཛིན་ནས་དུས་ཆེན་ངོ་སྤྲོད་དང་འབྲེལ་བཀའ་ཤག་གསུང་བཤད་སྒྲོགས་སྦྱང་དང་སྦྲགས་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས། དེ་བཞིན་བོད་མིའི་སྡོད་སྒར་ཁག་ཏུ་མི་མང་གོ་རྟོགས་གོང་འཕེལ་སླད་བོད་དོན་གནས་ཚུལ་སོགས་འོད་སྡེར་ས་གནས་སུ་འབྱོར་མཚམས་གཞོན་ནུའི་བརྙན་འཕྲིན་གྱི་འཕྲིན་ལམ་བརྒྱུད་ཁྱབ་ཁོངས་མང་ཚོགས་ལ་བསྟན་པ་དང་གཡར་པོ་ཡང་ཞུ་བཞིན་ཡོད། པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ས་གནས་གཞོན་ནུ་དང་བུད་མེད་ཀྱི་གོ་སྒྲིག་སྲུང་བརྩིར་ཆེད་བཅར་ཞུ་བཞིན་ཡོད། ཕྱི་ཟླ་ ༩ ཚེས་ ༢ ཉིན་རང་གཞུང་མང་གཙོའི་དུས་ཆེན་སྐབས་ས་གནས་འགོ་འཛིན་ནས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། མང་ཚོགས་ཀྱི་ཆ་ཤས་ལེན་སྟངས་སྐོར་ལམ་སྟོན་དང་། བཀའ་ཤག་གི་གཏམ་བཤད་མང་ཚོགས་ལ་སྒྲོགས་སྦྱང་ཞུས། ཕྱི་ཟླ་ ༢ ཚེས་ ༨ ཉིན་བོད་ཀྱི་ས་ཁུལ་རྔ་པ་གཙོས་བྲག་མགོ་དང་། རྒྱལ་རོང་། གསེར་རྟ་སོགས་སུ་བོད་མི་བརྒྱ་ཕྲག་མང་པོས་ལས་འགུལ་རིམ་བྱུང་བར་རྒྱ་དམག་གི་ཚད་ལས་འདས་པའི་དྲག་གནོན་ལ་གདུང་སེམས་མཉམ་སྐྱེ་སླད་ས་གནས་བོད་མི་འདུ་འཛོམས་ཀྱི་མཆོད་འབུལ་སྨོན་ལམ་དང་། སིམ་ལ་གྲོང་སྡེའི་ནང་མར་མེ་ཁྲོམ་སྐོར་གྱི་ལས་འགུལ་སོགས་ཚགས་ཚུད་སྤེལ་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༢ ཉིན་བོད་ཀྱི་ལོ་གསར་འཁེལ་བ་དང་སྟབས་བསྟུན་གཞིས་མི་ཡོངས་གཞིས་ཆགས་ཀྱི་མཆོད་ཁང་དུ་ལྷན་འཛོམས་ཐོག་མཆོད་འབུལ་སྨོན་ལམ་དང་ཆོས་ཕྱོགས་འབྲེལ་བའི་རྒྱུན་སྲོལ་བྱེད་སྒོ་ཁག་གནང་ཡོད།
འབིར་བོད་ཚོགས་གཞིས་ཁང་གི་ལོ་འཁོར་གཅིག་གི་ལས་བསྡོམས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢ ཉིན་འབིར་བོད་ཚོགས་གཞིས་ཁང་ནས་ས་གནས་སུ་མང་གཙོའི་དུས་དྲན་ཐེངས་ ༥༣ པ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་འགྲེམས་སྤེལ་ཞུས་པའི་བཙན་བྱོལ་བོད་ཀྱི་དྲ་བརྙན་གསར་འགྱུར་ཡོངས་རྫོགས་འདི་ཁུལ་དུ་འབྱོར་མ་ཐག་མི་མང་འདུ་འཛོམས་དང་། དེ་མིན་གཞིས་ཆགས་ཀྱི་གཞིས་མི་ཡོངས་ལ་བརྙན་འཕྲིན་བརྒྱུད་བསྟན་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༢༩ ཉིན་ས་གནས་སུ་ཨ་རིའི་སྐུ་ཚབ་དོན་ཁང་གི་ལས་བྱེད་བཀྲིས་ལགས་དང་རྒྱ་རིགས་སྐུ་ཞབས་གདུང་ཞི་ལགས་གཉིས་གཞིས་ཆགས་ཁག་ལ་གཟིགས་སྐོར་དང་འབྲེལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ངོ་སྤྲོད་ཀྱི་འོད་སྡེར་བཟོ་རྒྱུ་དང་འབྲེལ་བོད་མིའི་སྤྱི་ཚོགས་གནས་སྟངས་རྒྱ་རིགས་མང་ཚོགས་ནང་སྔར་ལས་གཏིང་ཟབ་ངོ་སྤྲོད་བྱ་རྒྱུར་ཕན་ཐོགས་ཡོང་སླད་ས་གནས་མཐུན་འགྱུར་གང་ཐུབ་ཞུས་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ བས་ ༢༦ བར་ཕྱི་དྲིལ་ཁོར་ཡུག་ཚན་པ་ནས་བོད་མཐོ་སྒང་གི་ཁོར་ཡུག་སོགས་ཀྱི་སྐོར་གོ་རྟོགས་སྤེལ་ཆེད་འགྲེམས་སྟོན་རྒྱས་པ་ཞིག་གོ་སྒྲིག་ཞུས་ཡོད།ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡༠ ཉིན་༸གོང་ས་མཆོག་ལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་པའི་ཉིན་མོར་སྐོར་(Janta TV)སྐོར་མི་མང་ལ་གསལ་བསྒྲགས་དང་ཕྱི་དྲིལ་ལས་ཁུངས་ནས་འདི་ག་ལས་ཁུངས་སུ་དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་དང་རྒྱ་གར་(Janta TV)གཉིས་ཀྱི་གོ་སྒྲིག་འོག་དཔལ་དུས་དབང་ཐེངས་ ༣༢ པའི་སྐབས་ཉིན་རེའི་བཀའ་ཆོས་རྣམས་ཐད་ཀར་རྒྱང་སྲིང་གནང་རྒྱུ་ཡིན་པའི་སྐོར་ཡང་གསལ་བསྒྲགས་ཞུས་ཡོད། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༥ ཉིན་ས་གནས་འགོ་འཛིན་གྱིས་གོ་སྒྲིག་འོག་འབིར་བོད་ཚོགས་གཞིས་ཆགས་ཀྱི་ཚོགས་ཁང་ནང་མི་མང་རྣམས་ལ་དབུ་མའི་ལམ་གྱི་གོ་རྟོགས་ཡོང་སླད་ས་གནས་འགོ་འཛིན་གྱིས་འགྲེལ་བརྗོད་གཟབ་རྒྱས་གནང། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༨ ཉིན་འཆར་འགོད་དང་ཕྱི་དྲིལ་ལས་ཁུངས་ཀྱི་ལས་བྱེད་ཁག་གཅིག་ས་གནས་ས་ཐོག་ཏུ་ཕེབས་ནས་མི་མང་ལ་དབུ་མའི་ལམ་གྱི་གོ་རྟོགས་ག་ཚོད་བྱུང་ཡོད་མེད་མི་མང་ལ་དྲི་བ་དྲིས་ལན་གནང་རྒྱུ་མཐུན་འགྱུར་ཞུས་ཡོད།
ཀོ་ལེ་གྷལ་དོན་ལྡན་གླིང་གི་ལོ་འཁོར་གཅིག་གི་ལས་བསྡོམས།
༄༅། །ཀོ་ལེ་གྷལ་དོན་ལྡན་གླིང་ས་གནས་འགོ་འཛིན་ལས་ཁང་གིས་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༡ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ཀོ་ལེ་གྷལ་དོན་ལྡན་ས་གནས་སུ་ཆེད་ཕེབས་ཀྱིས་༸གོང་ས་མཆོག་གིས་ཆབ་སྲིད་ཐུགས་འགན་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་གསོལ་རས་སྩལ་དགོས་དོན་སྐོར་མི་མང་ལ་གསུང་བཤད་གནང། ཕྱི་ཟླ་ ༧ ཚེས་ ༤ ནས་ ཉིན་གྲངས་གསུམ་རིང་བོད་མི་མང་སྤྱི་འཐུས་རྒྱ་རི་བུ་ཕྲུག་དང་སྒྲོལ་དཀར་སྐྱབས་ལགས་ཀྱིས་ས་གནས་སུ་འཚམས་གཟིགས་དང་སྦྲགས་མང་ཚོགས་ལ་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་སྐོར་སོགས་གསལ་བཤད་གནང་ཡོད། དེ་བཞིན་སྐབས་ ༡༥ དབུས་གཙང་སྤྱི་འཐུས་གཉིས་ཀྱི་འོས་གྲངས་དགོས་ངེས་ཀྱི་བརྒྱ་ཆ་མ་ལོན་སྟབས། འོས་བསྡུ་འཕར་མའི་ལས་རིམ་རྣམས་འོས་བསྡུའི་སྒྲིག་གཞི་དགོངས་དོན་ལྟར་ལག་བསྟར་ཚགས་ཚུད་ཞུས་ཡོད། དེ་བཞིན་ས་གནས་སུ་ཕྱི་དྲིལ་ལས་ཁུངས་ནས་བཏང་བའི་འོད་སྡེར་ཁག་མང་ཚོགས་ལ་བསྟན་ཡོད་པ་མ་ཟད། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་། བྱུང་རིམ། གྲུབ་འབྲས་བཅས་སྐོར་ཡང་ངོ་སྤྲོད་ཞུས་ཡོད། བོད་བསྟན་སྲིད་དོན་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་མཆོད་འབུལ་སྨོན་ལམ་རྒྱ་ཆེ་གོ་སྒྲིག་ཞུས། བཀའ་སྤྱི་གཉིས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལྡི་ལིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་ལས་འགུལ་ཁག་ནང་ས་གནས་མི་གྲངས་ ༡༠༠ མཉམ་ཞུགས་ཞུས་ཡོད། བཀའ་སྤྱི་གཉིས་ནས་བཀོད་ཁྱབ་གནང་དོན་ལྟར། ཆུ་འབྲུག་ལོ་ནས་བཟུང་བོད་མི་གནས་ཡུལ་ཡོངས་དུ་ལྷག་དཀར་སྲུང་བརྩི་ཞུ་དགོས་བཞིན་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༩ ཉིན་བཟུང་ནས་སྲུང་བརྩི་ཞུས་དང་ཞུ་མུས་ཡིན། དེ་བཞིན་གསུམ་བཅུའི་དུས་དྲན་དང་མང་གཙོའི་དུས་ཆེན་སོགས་ཀྱང་སྲུང་བརྩི་ཞུ་བཞིན་ཡོད།
ས་ཊོན་ཀ་ཐོག་བོད་མིའི་གཞིས་ཆགས་ཀྱི་ལོ་འཁོར་གཅིག་གི་ལས་བསྡོམས།
༄༅། །འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་དུས་དྲན་སྲུང་བརྩིའི་སྐབས་ས་གནས་འགོ་འཛིན་ལས་ཁུངས་ལས་བྱེད་དབུས་སིར་མུར་རྫོང་ཁོངས་བོད་མིའི་གཞིས་ཆགས་བཞི་དང་། པོན་ཊ་སམ་བྷོ་ཊ་གཏན་སློབ་སེར་སྐྱ་མི་མང་བཅས་འདུ་འཛོམས་ཐོག་བྷུབ་པུར་བྷི་ཊུ་ཚོང་ཁང་ནས་ཞི་བའི་གོམ་འགྲོས་འགོ་ཚུགས་ཀྱིས་གྷརྡུ་ཝ་རཱ་ཐང་ཆེན་དུ་ལས་རིམ་མཇུག་བསྡོམས་གནང་ཡོད། ལོ་གསར་སྐབས་དགའ་སྟོན་གང་ཡང་མི་གནང་བར་ཆོས་ཕྱོགས་ཐོག་ནས་བོད་ནང་རང་ལུས་མེར་སྲེག་བཞིན་པའི་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་རེས་གཟའ་ལྷག་པ་ནམ་ཡིན་ལ་ལྷག་དཀར་སྲུང་བརྩི་ཞུས་དང་ཞུ་མུས་ཡིན། ༸གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་དང་མང་གཙོའི་དུས་ཆེན་སོགས་སྲུང་བརྩི་ཞུ་བཞིན་ཡོད། ༸གོང་ས་མཆོག་གི་བཀའ་སློབ། མང་གཙོའི་ཀ་བ་གསུམ་གྱི་འགྲོ་སྟངས། ཤེས་ཡོན། ཆབ་སྲིད། འཕྲོད་བསྟེན་སོགས་ལམ་སྟོན་དང་ཕྱི་ནང་མཁས་དབང་ཁག་གི་གསུང་བཤད་བརྙན་འཕྲིན་འོད་སྟེར་གནང་སོན་བྱུང་བ་བཅུ་དཔོན་བརྒྱུད་མང་ཚོགས་ལ་བསྟན་པར་ཕན་ཐོགས་ཆེན་པོ་ཡོང་བཞིན་ཡོད་པའི་དགོངས་འཆར་གསུང་གི་འདུག་ལ་རང་གཞུང་གི་བཀའ་དགོངས་ལྟར་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་ཐེངས་གཅིག་སྤེལ་ཏེ་སྙན་ཐོ་ཕུན་ཟིན་པ་བཅས།།
རཱ་ཇི་སྤུར་བོད་ཀྱི་བུད་མེད་མཉམ་ལས་བཟོ་གྲྭའི་ལོ་འཁོར་གཅིག་གི་ལས་བསྡོམས།
༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༠ ཉིན་བོད་མིའི་རང་དབང་སྒེར་ལངས་སྲུང་བརྩི་དང་འབྲེལ་བོད་ནང་ཛ་དྲག་གནས་སྟངས་ཀྱི་རང་ལུས་མེར་གཅིག་མཇུག་གཉིས་མཐུད་ཡོང་བཞིན་པར་སོང་འདི་གའི་མང་ཚོགས་ནས་གནས་ཚུལ་གོ་ཐོས་ཡོང་རིམ་བཞིན་བདེན་ཚིག་སྨོན་ལམ་སོགས་གསུང་འདོན་གནང་བཞིན་ཡོད། གཞན་ཡང་སྡེ་ར་ལྡུནན་ས་གནས་ཀྱི་མང་ཚོགས་ནས་བོད་ནང་གནས་ཚུལ་དང་ཇི་བྱུང་མཁྱེན་རྟོགས་ཆེད་ལས་འགུལ་ཡིག་ངག་གཉིས་ཐོག་ནས་སྤེལ་ཡོད། ཕྱི་ཟླ་ ༥ ཚེས་ ༡༣ ཉིན་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པར་འདི་གའི་ཁྱབ་ཁོངས་མང་ཚོགས་འདུ་ཚོགས་ཀྱི་ཚོགས་འདུ་ཚོགས་དགོས་པའི་རྒྱབ་ལྗོངས་གསལ་བསྒྲགས་ནང་ཕྱི་ཟླ་ ༣ ཚེས་ ༡༡ ཉིན་༸གོང་ས་མཆོག་གསུང་འཕྲིན་རིན་པོ་ཆེར་གྲོས་ཚོགས་ནང་བགྲོ་གླེང་དང་། བཞུགས་མོལ་ཚོགས་འདུ། ཚོགས་ཆུང་ཆ་བགོས་ནང་གོ་བསྡུར་གྱི་མཐར་ཕྱི་ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཆོད་བཞག་སྟེ་སྐུ་སྒེར་ཡིག་ཚང་བརྒྱུད་༸གོང་ས་མཆོག་ལ་གསོལ་འདེབས་ཞུས་ཀྱང་། ༸གོང་ས་མཆོག་གི་གསུང་འཕྲིན་ལ་འགྱུར་བ་མེད་པའི་གྲོས་ཆོད་ཕྱིར༌སྩལ་གྱི་ཆབ་སྲིད་སྐུ་དབང་བཞེས་རྒྱུ་མིན་པའི་སྔ་ཕྱིའི་བཀའ་སློབ་མང་ཚོགས་ལ་གསལ་བཤད་དང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་འབྲུ་དོན་རེ་རེ་བཞིན་མང་ཚོགས་ལ་གསལ་བསྒྲགས་བསམ་ཚུལ་བསྡུ་ལེན་གྱི་དགོང་འཆར་བྱུང་བའི་དོན་གནད་ཕྱོགས་བསྡོམས་མི་འཐུས་བརྒྱུད་ཚོགས་ཆེན་དུ་འབུལ་ཐུབ་པ་དང་ཚོགས་ཆེན་གྱི་དོན་གནད་ཁག་གལ་ཆེ་ཁག་མང་ཚོགས་ལ་དུས་སུ་གསལ་བསྒྲགས་ཞུས་ཡོད། ཕྱི་ཚེས་ ༢༥ ནས་ཉིན་བཞིའི་རྩོད་རྙོག་འདུམ་སྒྲིག་ཁང་གི་ཟབ་སྦྱོང་ཞིག་བདེ་སྐྱིད་གླིང་ཚོགས་ཁང་དུ་ཚོགས་སྐབས་འདི་གའི་ཁྱབ་ཁོངས་ནས་མཐོ་སློབ་སྐྱོད་བཞིན་པའི་སློབ་མ་གྲངས་ ༥ མཉམ་ཞུགས་ཐུབ་པ་བྱུང་ཡོད།
ཕྱི་ཟླ་ ༧ ཚེས་ ༦ ཉིན་སྐུའི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། ཕྱི་ཚེས་ ༨ ཉིན་བོད་མི་མང་སྤྱི་འཐུས་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་༸གོང་ས་མཆོག་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་མཛད་རྣམ་ལས་བཀའ་དྲིན་བསམ་གྱི་མི་ཁྱབ་པ་ཡིན་སྐོར་མང་ཚོགས་དང་སློབ་ཕྲུག་ལ་ངོ་སྤྲོད་གནང་། ཕྱི་ཚེས་ ༢༥ ནས་ཟླ་གཅིག་ལྷག་རིང་མཉམ་ལས་ཁུངས་གནས་འཁོད་བུ་མོ་ ༢༠ ལ་བོད་མིའི་སྒྲིག་འཛུགས་ངོ་སྤྲོད་བོད་ས་ཤོར་ནས་ཆབ་སྲིད་ཀྱི་འཕོ་འགྱུར་རིམ་པ་ཇི་བྱུང་སྙིང་བསྡུས་དང་བཅའ་ཁྲིམས་སོགས་རྒྱུན་མཁོ་ཤེས་བྱ་ཁག་གོ་རྟོགས་སྤེལ་ཡོད། ཕྱི་ཟླ་ ༨ ཚེས་ ༢༧ ཉིན་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་སྤྱི་འཐུས་ཡེ་ཤེས་སྒྲོལ་མ་ལགས་གཉིས་རཱཇ་སྤུར་ཁུལ་བོད་རིགས་ཡོངས་ལ་བོད་ཁྱིམ་ཚོགས་ཁང་དུ་བོད་ཀྱི་གནས་སྟངས་དང་། བཅའ་ཁྲིམས་བསྐྱར་བཅོས་ཐེངས་ ༢༥ པའི་བྱུང་རིམ། སྐབས་ ༡༤ པའི་གྲོས་ཚོགས་འཕར་མ། གྲོས་ཚོགས་ཐེངས་དང་པོ་སྐོར་རྗེས་མང་ཚོགས་ལ་དྲི་བར་ལན་འདེབས་བཅས་གནང་ཡོད། ཕྱི་ཟླ་ ༦ ཚེས་ ༡༩ ཉིན་དབུས་གཙང་ཆོལ་ཁའི་སྤྱི་འཐུས་གཉིས་ཀྱི་སྔོན་འགྲོ་དང་ཕྱི་ཟླ་ ༩ ཚེས་ ༤ ཉིན་དངོས་གཞིའི་སྐབས་སུ་འདི་ཁྱབ་ཁོངས་མི་མང་བཟོ་གྲྭ་དང་ཁ་ཐོར། བོད་ཁྱིམ། ཚེ་རིང་དོན་ལྡན་གླིང་གཞིས་གསར་བཅས་སུ་འོས་འཕེན་གོ་སྐབས་གལ་ཆེ་ཡིན་པའི་གསལ་བསྒྲགས་འབོད་སྐུལ་སྔོན་ནས་བྱས་རྗེས་སྤྱི་ཡོངས་ཀྱི་ལྡེ་ར་སྡུན་ས་ཁུལ་ནང་ནས་རཱཇ་སྤུར་ཁྱབ་ཁོངས་མི་མང་གི་བརྒྱ་ཆ་ཚད་མཐོའི་ཆ་ཤས་བླངས་ཏེ་འོས་འཕེན་ལས་དོན་ཚགས་ཚུད་བྱུང་ཡོད། ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན་བཀའ་ཤག་བཀོད་ཁྱབ་ལྟར་བོད་ནང་བོད་མི་རིགས་རྒྱལ་ཁབ་དོན་རང་ལུས་མེར་སྲེག་གི་དཔའ་བོ་དཔའ་མོ་འདས་གསོན་ཡོངས་དང་རྒྱའི་བཙོན་འོག་དཀའ་སྡུག་མྱང་དང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་སླད་མཆོད་འབུལ་སྨོན་ལམ་ཚོགས་ཡོད། ཕྱི་ཚེས་ ༡༨ ཉིན་༸གོང་ས་མཆོག་སྡེ་ར་སྡུན་སློབ་གྲྭ་ནས་གསོལ་འདེབས་ཆིབས་སྒྱུར་བསྐྱངས་སྐབས་རང་རིགས་མང་ཚོགས་ལ་ཐུགས་བརྩེའི་བཀའ་སློབ་སྩལ་སྐབས་གོ་སྒྲིག་ཐད་མཐུན་འགྱུར་ཞུས། ཕྱི་ཚེས་ ༡༨ ནས་ཉིན་གསུམ་རིང་བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ལྡི་ལིར་གོ་སྒྲིག་གནང་བའི་ལས་འགུལ་ནང་འདི་ག་ས་གནས་ནས་མི་གྲངས་ ༥ མཉམ་བཞུགས་གནང་ཡོད། ཕྱི་ཟླ་ ༡༡ ཚེས་ ༥ ཉིན་ཉེ་ལམ་བོད་ནང་གྲྭ་ཟླ་བ་ཚེ་རིང་ལགས་དང་བཙུན་མ་དཔལ་ལྡན་ཆོས་འཚོ་གཉིས་ཀྱི་རང་ལུས་མེར་སྲེག་ལ་གདུང་སེམས་མཉམ་སྐྱེ་སླད་སྨོན་ལམ་དང་མ་ཎི་གསོག་སྒྲུབ་ཞུས། ལྡི་ལིར་ན་གཞོན་ཞིག་ནས་གོང་མཚུངས་གནས་ཚུལ་ཐོན་པར་སོང་བཀའ་སྤྱི་གཉིས་ཀྱི་གསར་འགོད་གསལ་བསྒྲགས་དང་བོད་ནང་ཛ་དྲག་གནས་ཚུལ་མང་ཚོགས་ལ་མཁྱེན་རྟོགས་ཆེད་ཞུས། ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༥ ཉིན་བཟོ་གྲྭའི་འགོ་མང་ཡོངས་འདུ་འཛོམས་ཀྱི་བོད་ནང་གསེར་རྟ་དང་བྲག་མགོར་བོད་མི་ཞི་རྒོལ་བ་ ༦ དམར་གསོད་དང་ ༤༠ ཙམ་རྨས་སྐྱོན་རང་ལུས་མེར་སྲེག་བ་དང་། དུས་དབང་ཆོས་ཞུ་བ་རྣམས་ལ་དཀའ་ངལ་འཕྲད་བཞིན་པ་རྣམས་ཆེད་མ་ཎི་དང་བདེན་ཚིག་སྨོན་ལམ། བྱང་ཆུབ་སེམས་མཆོག་བཅས་གསོག་སྒྲུབ་དང་། དཔལ་ས༌སྐྱ་དགོན་དུ་མང་ཚོགས་ཀྱི་ཞལ་འདེབས་ ༢༦༥༠ བྱུང་བ་བསྔོ་སྨོན་སྐྱབས་འཇུག་ཡོང་ཆེད་ཕུལ། ཕྱི་ཟླ་ ༣ ཚེས་ ༢ ཉིན་མང་ཚོགས་ནས་དབུ་མའི་ལམ་སྐོར་གོ་རྟོགས་སྤེལ་ཆེད་བཀྲིས་ཕུན་ཚོགས་ལགས་ཀྱིས་གསུང་བཤད་བརྙན་འཕྲིན་དང་འགེངས་ཤོག་བཀང་བ་སོགས་གོ་རྟོགས་སྤེལ་གནང་ཡོད། ཕྱི་ཚེས་ ༢༢ ཉིན་ལྡི་ལི་བསམ་ཡས་གླིང་གནས་སྡོད་མིག་དམར་བསྟན་འཛིན་ལགས་ས་གནས་སུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་གནང་བའི་ངོ་སྦྱོར་གཞིར་འཁོད་མང་ཚོགས་འདུ་འཛོམས་ཐོག་ཁོང་ལ་འཚམས་འདྲི་དང་། དེ་སྔོན་ཁོང་ནས་རང་ལུས་མེར་སྲེག་གཏོང་དགོས་དོན་དང་ད་ལྟའི་ལས་འགུལ་ངོ་སྤྲོད་རྗེས་རྒན་རབས་རྣམ་པས་གཞོན་སྐྱེས་ལ་སློབ་གསོ་མུ་མཐུད་གནང་རྒྱུའི་འབོད་སྐུལ་ཞུས་རྗེས་མང་ཚོགས་ཀྱི་ཞལ་འདེབས་སྒོར་ ༤༨༣༦ དང་རྒྱལ་སྤྱིར་ཞུ་སྙན་འབུལ་ཆེད་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཡང་སྤེལ་ཡོད་པ་བཅས། །