༢༠༡༢ ཟླ་ ༥ ཚེས་ ༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༨ ཉིན་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཐེངས་ ༦ ཐོག རྒྱ་ནག་གིས་བོད་ནང་འཛིན་བཞིན་པའི་སྲིད་བྱུས་དང། རིང་མིན་རྒྱ་ནག་གི་འགོ་ཁྲིད་འཕོ་འགྱུར་བྱུང་རྗེས་ཀྱི་ལྟ་ཕྱོགས། ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་སྐབས་དམིགས་བསལ་སྐུ་ཚབ་མཆོག་གིས་གསུང་བཤད་གནང་དོན།
བཀའ་ཁྲི་མཆོག་གིས་ལྷན་ཚོགས་སུ་བོད་ནང་གི་ད་ལྟའི་གནས་སྟངས་དང་བོད་རྒྱ་འབྲེལ་མོལ་གྱི་གནས་སྟངས་སྐོར་གསལ་བཤད་གནང་བར་བརྟེན། ངས་བསྐྱར་ཟློས་ཞུ་འདོད་གང་ཡང་མེད། འོན་ཀྱང་ལྷན་ཚོགས་འདི་ལྟ་བུ་ནི་ང་ཚོ་ཁྱིམ་ཚང་གཅིག་གི་ནང་མི་ལྷན་དུ་འཛོམས་པ་ལྟ་བུ་རེད། རྣམ་པ་ཚོས་ང་ཚོའི་འཐབ་རྩོད་ཐོག་དུས་ཡུན་གང་ཙམ་རིང་ནས་རྒྱབ་སྐྱོར་གནང་བཞིན་ཡོད་པར་བརྟེན་ང་ཚོའི་བསམ་ཚུལ་དང་སྐད་ཆ་གང་ཡིན་ཡང་ཕན་ཚུན་ནང་ཁུལ་ཐོག་ནས་ཤོད་དགོས་ཀྱི་ཡོད། རྣམ་པ་ཚོས་མཁྱེན་དགོས་པ་ཞིག་ལ་འདས་པའི་ལོ་ངོ་བཅུ་ཕྲག་མང་པོའི་རིང་ནས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་གནང་བ་དེ་ཆུད་ཟོས་སུ་ཕྱིན་མེད། བོད་རྒྱ་གྲོས་མོལ་ལྟ་བུར་མཚོན་ན། ང་དང་ངའི་ལས་རོགས་སྐལ་བཟང་རྒྱལ་མཚན་ལགས་གཉིས་ཀྱིས་འདས་པའི་ལོ་ ༡༠ རིང་དངོས་སུ་གཞུང་འབྲེལ་ངོ་བོ་རང་གི་ཐོག་ནས་འགོ་ཁྲིད་ནས་ལས་ཀ་བྱས་ཡོད་པ་མ་ཟད། གཞུང་འབྲེལ་ངོ་བོའི་ཐོག་ནས་ཐད་ཀར་འབྲེལ་བ་མེད་ཀྱང་ལས་དོན་དེའི་ཐོག་ལ་ལོ་མང་རིང་ལས་ཀ་བྱས་ཡོད། ཕྲན་རང་ཉིད་ལྟ་བུར་ཆ་མཚོན་ན་ཟླ་བ་འགའ་ཤས་ཤིག་མ་གཏོགས་ལས་དོན་དེའི་ཐོག་ཧ་ལམ་ལོ་སུམ་ཅུ་ལས་ཀ་བྱས་ཡོད། ཕྲན་རང་ཕྱི་ལོ་ ༡༩༨༢ ལོར་རྒྱ་ནག་ཏུ་ཐོག་མར་ཕྱིན་པ་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཤག་ལྷན་རྒྱས་ཀྱིས་རྒྱ་ནག་དང་ལྷན་གྲོས་མོལ་མཛད་རྒྱུའི་ཐུགས་ཐག་གཅོད་མཛད་སྐབས། ང་ཚོས་རྙོག་འཛིང་ཆེ་བའི་གནད་དོན་དེ་དུས་ཚོད་ཐུང་ཐུང་ཞིག་གི་ནང་དང་མདུན་ཅོག་སྟེང་ཐག་གཅོད་བྱེད་ཐུབ་རྒྱུ་རེད་བསམ་པའི་འཁྲུལ་སྣང་ནམ་ཡང་མེད། བོད་ཀྱི་དཀའ་རྙོག་ལྟ་བུ་ཧ་ཅང་ཚོར་སྐྱེན་དང་རྙོག་འཛིང་ཆེན་པོ་འདི་འདྲ་ཞིག་མདུན་ཅོག་སྟེང་སྐད་ཆ་བཤད་པ་ཙམ་གྱིས་ཐག་གཅོད་ཡོང་ཐུབ་རྒྱུ་ནམ་ཡང་མེད། ང་ཚོས་གྲོས་མོལ་བྱ་རྒྱུའི་དགོས་དམིགས་གཙོ་བོ་དེ་རྒྱ་ནག་འགོ་ཁྲིད་ཚོ་དང་ཐུག་འཕྲད་བྱ་རྒྱུ་ཙམ་གྱི་ཆེད་དུ་མིན། ང་ཚོས་དཀའ་ངལ་ཡོད་པ་རྟག་ཏུ་ཤེས་ཀྱི་ཡོད་ཀྱང་གྲོས་མོལ་དེར་ལྟ་ཕྱོགས་ཀྱི་རྣམ་པ་མི་འདྲ་བ་གཞན་ཞིག་ཡོད་པ་ནི། བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ངོ་བོར་འགྱུར་ཐབས། ཞེས་རྒྱ་མིས་ང་ཚོར་སྐྱོན་བརྗོད་བྱེད་བཞིན་པ་དེ་ཡིན། ཕྲན་དང་སྐལ་བཟང་རྒྱལ་མཚན་གཉིས་རྒྱ་ནག་ཏུ་བསྐྱོད་སྐབས་རྒྱ་ནག་འགོ་ཁྲིད་ཚོས་མི་རུང་བའི་ལས་མང་པོ་ཞིག་ང་ཚོས་བྱས་ཡོད་སྐོར་སྐྱོན་བརྗོད་བྱེད་སྐབས། བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ངོ་བོར་འགྱུར་ཐབས། ཞེས་པ་དེ་ང་ཚོས་འདོད་མོས་ཐོག་ནས་མིན་པར་མ་བྱེད་དཀའ་མེད་ཅིག་གི་ཐོག་ནས་བྱས་པ་ངོས་ལེན་གྱིས་གསལ་བཤད་ཞུ་རྒྱུ་བྱུང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་ཐོག་ཁྲིད་པའི་བཟང་སྤྱོད་ཀྱི་ཐུགས་འགན་ཞིག་ཡོད་པ་མ་ཟད། ཁོང་གི་༸ཞབས་འོག་ཏུ་ཞབས་ཞུ་སྒྲུབ་བཞིན་པ་རྣམས་དང་འདིར་ཕེབས་རྣམ་པ་ཚོར་ཡང་འགན་དེ་ཡོད། བོད་རྒྱ༌གྲོས་མོལ་དེས་ཕྱོགས་གཅིག་ནས་བོད་ཀྱི་གནད་དོན་རྒྱལ་སྤྱིའི་ངོ་བོར་འགྱུར་རྒྱུར་ཕན་ཐོགས་ཧ་ཅང་བྱུང་ཡོད་པ་ཙམ་མ་ཟད། སྲིད་གཞུང་དང་གྲོས་ཚོགས་མང་པོ་ཞིག་གིས་བོད་ཀྱི་གནད་དོན་ཐོགས་རྒྱབ་སྐྱོར་བྱ་རྒྱུའི་ལག་པ་འཇུ་ས་ཞིག་བཟོས་ཡོད། དེར་བརྟེན་ང་ཚོས་བོད་རྒྱ་གྲོས་མོལ་དེའི་ཕན་ཐོགས་ཇི་བྱུང་སྐོར་ཤོད་སྐབས་ཕྱོགས་ཚང་མ་ནས་རྟོག་ཞིབ་གནང་དགོས། ཕྲན་གྱིས་འདི་འདྲ་བརྗོད་དགོས་དོན་ནི་སྐལ་བཟང་རྒྱལ་མཚན་དང་ཕྲན་གཉིས་ཀྱི་ལས་དོན་དེར་ཐད་ཀར་འབྲེལ་བ་ཡོད་པའི་ཆ་ནས་ཤོད་ཀྱི་མེད། ཚང་མས་མཁྱེན་དགོས་པ་ཞིག་ལ་གྲོས་མོལ་གྱི་བརྒྱུད་རིམ་དེས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་མདུན་བསྐྱོད་བྱ་རྒྱུར་ཧ་ཅང་ཕན་ཐོགས་བྱུང་ཡོད།
དེར་བརྟེན་དོན་དངོས་ཐོག་ཕྲན་གྱིས་བསམ་པར་བོད་རྒྱ་གྲོས་མོལ་གྱི་གནད་དོན་དེ་བཞིན་ཆབ་སྲིད་ཀྱི་ཁོར་ཡུག་ནང་གནད་དོན་གལ་ཆེ་ཤོས་ཤིག་ཆགས་ཡོད་པ་མ་ཟད། དེ་མུར་ང་ཚོའི་མདུན་དུ་གནས་ཐུབ་པ་བྱེད་དགོས། བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ལམ་ལྷོང་ཇི་འདྲ་ཞིག་ཡོང་མིན་མཐའ་མའི་ཐག་གཅོད་དེ་བོད་ནང་གི་གཞིས་ལུས་བོད་མི་ཚོར་རག་ལུས་ཡོད། ང་ཚོར་རྣམ་པ་ཚོ་ལྟ་བུ་གྲོགས་པོ་བློས་ཐུབ་ཡོད་པ་དེ་ཧ་ཅང་གཟི་བརྗིད་ལྡན་པ་ཞིག་ཡིན་ནའང་གལ་ཏེ་བོད་མི་རང་ངོས་ནས་སེམས་ཤུགས་ཆག་པ་ཡིན་ན། ཁྱེད་ཚོས་རོགས་པ་ཇི་འདྲ་ཞིག་གནང་ཡང་ཕན་རྒྱུ་གང་ཡང་མེད། བྱེས་སུ་འཁོད་པའི་བོད་མི་ཚོ་ཡང་གལ་ཆེན་པོ་ཆགས་ཡོད། གང་ཡིན་བརྗོད་ན་ང་ཚོར་གཞིས་ལུས་བོད་མི་ཚོའི་ཚབ་ཞུས་ཏེ་སྐད་ཆ་ཤོད་རྒྱུའི་གོ་སྐབས་མང་པོ་ཡོད། འོན་ཀྱང་གཙོ་བོ་གཞིས་བཞུགས་བོད་མི་ཚོ་ཆགས་ཡོད། རྒྱ་ནག་དང་ལྷན་གྲོས་མོལ་བྱས་པ་དེས་ལམ་སེང་མདུན་ཅོག་སྟེང་མིག་མཐོང་ལག་འཛིན་གྱི་གྲུབ་འབྲས་འདི་ཡིན་ཞེས་རྡོག་རྡོག་ཅིག་སྟོན་རྒྱུ་མེད་ནའང། བོད་ནང་གི་གཞིས་བཞུགས་བོད་མི་ཚོར་སེམས་ཤུགས་འཕར་རྒྱུར་ཧ་ཅང་ཕན་ཐོགས་བྱུང་ཡོད་པ་ཕྲན་གྱིས་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད།
ཁ་སང་བཀའ་ཁྲི་མཆོག་གིས་གང་གསུངས་པ་དེར་ཁ་སྣོན་གྱི་ཚུལ་དུ་བོད་རྒྱ་གྲོས་མོལ་གྱི་གནད་དོན་སྐོར་སྙིང་བསྡུས་ཤིག་གླེང་རྒྱུ་ཡིན། བཀའ་ཁྲི་མཆོག་གིས་བོད་རྒྱ་གྲོས་མོལ་ཐོག་ལམ་སེང་བཟང་ཕྱོགས་གི་གྲུབ་འབྲས་འཐོན་རྒྱུའི་རེ་བ་མེད་སྐོར་གསུངས་པ་དེར། ཕྲན་རང་གྲོས་མོལ་སྐབས་སྐད་ཆ་ཤོད་མཁན་གཙོ་བོ་དེ་ཡིན་པའི་ཆ་ནས་བོད་རྒྱ་གྲོས་མོལ་བྱས་ཏེ་ལམ་སེང་ཕན་ཐོགས་ཡོང་རྒྱུ་ཟེར་བ་ད་ལྟའི་ཆར་ཐེ་ཚོམ་ཙམ་མ་ཟད། ཧ་ཅང་ཁག་པོ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད།
ཕྲན་དང་སྐལ་བཟང་རྒྱལ་མཚན་གཉིས་ཀྱིས་བཀའ་ཁྲི་མཆོག་ལ་དེ་མཚུངས་ཞུ་རྒྱུ་བྱུང་། ཕྱོགས་མཚུངས་ཐེངས་འདིར་ཕྲན་དང་སྐལ་བཟང་རྒྱལ་མཚན་གཉིས་ཀྱིས་འབྱུང་འགྱུར་ཕྱི་ཟླ་ ༥ ཚེས་ ༣༠ །༣༡ ཉིན་གཉིས་རིང་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ལྷན་ཚོགས་ཤིག་ཚུགས་རྒྱུའི་བསམ་ཚུལ་བཀའ་ཁྲི་མཆོག་ལ་ཞུས་པ་ལྟར་ཁས་ལེན་གནང་ཡོད།
སྐབས་དེར་ཕྲན་དང་སྐལ་བཟང་རྒྱལ་མཚན་གཉིས་ཀྱིས་བོད་རྒྱ་གྲོས་མོལ་གྱི་གནས་སྟངས་ཐོག་གོ་བསྡུར་དང་དཔྱད་ཞིབ་ལྷུག་པོ་བྱ་རྒྱུའི་འདུན་པ་ཡོད་ནའང་། བོད་རྒྱ་གྲོས་མོལ་གྱི་ད་ལྟའི་གནས་བབས་ཐོག་ལམ་སེང་བཟང་ཕྱོགས་ཀྱི་གྲུབ་འབྲས་ཡོང་རྒྱུའི་སྐོར་ཞུ་རྒྱུ་གང་ཡང་མེད། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་དེ་བཞིན་དེ་སྔ་ནས་བཙུགས་པ་ཞིག་ཡིན་པ་མ་ཟད། རྒྱ་ནག་དང་དངོས་སུ་གཞུང་འབྲེལ་བརྒྱུད་ལམ་ཐོག་ནས་གྲོས་མོལ་འགོ་འཛུགས་མ་བྱས་སྔོན་ནས་ཡོད། ཚོགས་ཆུང་འདིས་བཀའ་ཤག་ལ་བོད་རྒྱ་གྲོས་མོལ་ཐོག་ལམ་སྟོན་དང་བསམ་ཚུལ་འདོན་རྒྱུའི་མཐུན་འགྱུར་ཞུས་དང་ཞུ་མུས་ཡིན། བོད་རྒྱ་གྲོས་མོལ་གྱི་ད་ལྟའི་གནས་བབས་འདི་འདྲ་ཞིག་ལ་སླེབས་དགོས་པའི་རྒྱུ་རྐྱེན་མང་པོ་ཡོད། རྐྱེན་འགའ་ཤས་རྒྱ་ནག་ནང་དང་འགའ་ཤས་རྒྱ་ནག་གི་ཕྱི། དེ་བཞིན་རྐྱེན་འགའ་ཤས་ང་ཚོར་བྱ་ཐབས་བྲལ་བའི་རྙོག་འཛིང་ཅན་དེ་འདྲ་མང་པོ་ཡོད། དེ་ཚོར་རྒྱས་བཤད་བྱས་ཚེ་བརྗོད་གཞིའི་ངོ་བོ་འགྱུར་ཉེན་ཡོད། ་དེར་བརྟེན་ངས་རྒྱས་བཤད་ཞུ་རྒྱུ་མིན།
དེའི་བར་ལ་ཁྱེད་ཚོས་རོགས་པ་བྱེད་ཐུབ་རྒྱུའི་གནད་དོན་འགའ་ཤས་མཐོང་བྱུང། ཁ་སང་ཀལ་གར་ཤི་མན་མཆོག་གིས་ཕྲན་ནས་ཉེ་ལམ་ཨ་རིའི་གྲོས་ཚོགས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ལ་ཕུལ་བའི་ཞུ་སྙན་སྐོར་གསུངས་ཡོད། དེ་རིང་སླར་ཡང་གནད་དོན་དེ་ཚོའི་སྐོར་ཞུ་འདོད་བྱུང་། གང་ཡིན་བརྗོད་ན། གནད་དོན་དེ་དག་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་ཕྲན་ལ་ཡིད་ཆེས་བརྟན་པོ་ཡོད། རྒྱུ་མཚན་དང་པོ་ནི། རྒྱ་ནག་ནང་དུ་འགོ་ཁྲིད་འཕོ་འགྱུར་འགྲོ་རྒྱུ་ཡིན། རྒྱ་ནག་ནང་གི་འགོ་ཁྲིད་འཕོ་འགྱུར་ཟེར་བ་དེ་མང་གཙོའི་རྒྱལ་ཁབ་ནང་བཞིན་ལས་སླ་པོ་ཞིག་དང་ལམ་སེང་ཡོང་ཐུབ་པ་དེ་འདྲ་མེད། དུས་ཚོད་ཧ་ཅང་འགོར་རྒྱུ་ཡིན། འཆར་གཞི་ལྟར་སོང་ཐུབ་པ་ཡིན་ན་ཕྱི་ཟླ་ ༡༠ ནང་ཕལ་ཆེར་ཞི་ཅིང་ཕིང་གུང་ཁྲན་ཚོགས་པའི་ཚོགས་གཙོ་ཆགས་རྒྱུ་ཡིན་པ་དང་། དེ་ནས་ལོ་རྗེས་མའི་ཕྱི་ཟླ་ ༣ ནང་ཞི་ཅིན་ཕིང་རྒྱ་ནག་གི་སྲིད་འཛིན་ཆགས་རྒྱུ་དང་ལོ་འགའ་ཤས་རྗེས་ལ་གཞི་ནས་དམག་ཨུ་ཀྲའུ་ཞི་ཆགས་རྒྱུ་སོགས་དུས་ཚོད་ཧ་ཅང་འགོར་རྒྱུའི་བརྒྱུད་རིམ་ཞིག་ཡིན། གནད་དོན་དེ་དག་གལ་ཆེན་པོ་གཅིག་ཆགས་ཡོད།
འོན་ཀྱང་ཕྲན་གྱིས་ཉེན་ཁ་ཞིག་མཐོང་བཞིན་འདུག ཉེན་ཁ་དེས་བོད་རྒྱ་གྲོས་མོལ་གྱི་ལས་གཞི་ཡོངས་རྫོགས་བརྡལ་བཤིག་གཏོང་རྒྱུ་རེད། ཉེན་ཁ་དང་པོ། རྒྱ་ནག་གཞུང་གིས་ཧ་ཅང་ཐབས་མཁས་ཐོག་ནས་ཕྱི་རྒྱལ་སྲིད་གཞུང་སྤྱི་དང་ལྷག་པར་ཡུ་རོབ་དང་ཨེ་ཤི་ཡའི་རྒྱལ་ཁབ་ཀྱི་སྲིད་གཞུང་སུ་འདྲ་ཞིག་ནས་ཀྱང། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་ཞུས་པའམ། བོད་ཀྱི་གནད་དོན་གླེང་བ། དེ་བཞིན་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་བཀའ་བློན་ཁྲི་པ་མགྲོན་འབོད་སོགས་བྱས་ཚེ། རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་དང་རྩ་འགལ་འགྲོ་བཞིན་ཡོད་པའི་རྣམ་འགྱུར་བསྟན་དང་སྟོན་བཞིན་ཡོད། དེར་བརྟེན་ཕྲན་གྱི་ཞུ་སྙན་དེའི་ནང་གནད་དོན་དེའི་ཐོག་གསལ་བཤད་ཞིབ་ཕྲ་འགོད་ཐབས་བྱས་ཡོད། ཕྲན་གྱིས་རེ་བར་འདིར་ཕེབས་པའི་ཡུ་རོབ་དང་ཨེ་ཤི་ཡའི་སྐུ་ཚབ་རྣམ་པ་གཙོ་བོར་གྱུར་བའི་འཐུས་མི་ཚོས། རྒྱ་ནག་གཅིག་གི་སྲིད་བྱུས། ཟེར་བ་དེ་བོད་ཀྱི་གནད་དོན་དང་འབྲེལ་བ་གང་ཡང་མེད་པའི་འབྲེལ་ཡོད་སྲིད་གཞུང་ཚོར་གསལ་བཤད་གནང་རྒྱུའི་ལག་ཆ་ལྟ་བུར་བེད་སྤྱོད་བྱེད་ཐུབ། རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་དེ། ཨ་རིའི་གཞུང་གིས་གུང་ཁྲན་ཏང་དང་གོ་མིང་ཏང་གི་ཐོག་ཆབ་སྲིད་ཀྱི་ལངས་ཕྱོགས་འཛིན་སྟངས་དང་འབྲེལ་བའི་སྲིད་བྱུས་ཤིག་ཆགས་ཡོད། གང་ཡིན་བརྗོད་ན་བོད་མིའི་སྲིད་གཞུང་སུ་འདྲ་ཞིག་ནས་ཀྱང་ང་ཚོ་རྒྱ་ནག་མཚོན་གྱི་ཡོད་ཅེས་ངོས་འཛིན་ནམ་ཡང་བྱེད་མྱོང་མེད། ཐེ་ཝན་གོ་མིང་ཏང་དང་གུང་ཁྲན་ཏང་གིས་བྱས་ཡོད། དཀའ་རྙོག་དེ་ཚོགས་པ་དེ་གཉིས་དང་འབྲེལ་བ་ཆགས་ཡོད་པ་ཙམ་མ་ཟད། གནད་དོན་འདི་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དམིགས་བསལ་ཡོ་རོབ་ནས་གྲོས་ཚོགས་འཐུས་མི་མང་པོ་ཞིག་འདིར་ཕེབས་ཡོད། གལ་ཏེ་ལྷན་ཚོགས་འདིའི་བསྒྲགས་གཏམ་ནང་གནད་དོན་འདི་དང་འབྲེལ་ནས་ལུང་འདྲེན་བྱེད་ཐུབ་ཚེ་ཧ་ཅང་ཕན་ཐོགས་ཡོང་རྒྱུ་ཡིན་པ་ཕྲན་གྱིས་རེ་བ་ཞུ་བཞིན་ཡོད། གང་ཡིན་བརྗོད་ན་ང་ཚོ་ཚང་མ་ཚོགས་འདུ་གྲོལ་རྗེས་མི་རེ་ངོ་རེར་ལས་འགན་རེ་ཡོད། ལྷག་པར་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་གྱི་ལས་འགུལ་ཐོག་རྒྱབ་སྐྱོར་གྱིས་འབྱུང་འགྱུར་ལོ་འགའ་ཤས་ནང་བོད་རྒྱ་གྲོས་མོལ་མུ་མཐུད་གནས་ཐུབ་ཆེད་རོགས་རམ་བྱེད་འདོད་ན། ཕྱོགས་གཉིས་ཆར་སྐད་ཆ་ཤོད་དགོས། གལ་ཏེ་རྒྱ་ནག་གུང་ཁྲན་སྲིད་གཞུང་གཅིག་པུར་སྐད་ཆ་བཤད་དེ་བོད་མིའི་དབུ་ཁྲིད་ལ་གཡོལ་ཐབས་བྱས་ཚེ་རོགས་རམ་ཇི་འདྲ་བྱེད་ཐུབ།
གནད་དོན་གཞན་ཞིག་ནི་རྣམ་པ་ཚོས་མཁྱེན་གསལ་རེད། འདས་པའི་ལོ་ཤས་རིང་རྒྱ་རིགས་ཤེས་ཡོན་ཅན་གྱི་མི་སྣ་ཟེར་བ་འཐབ་ཕྱོགས་གཅིག་གྱུར་དང་ཧ་ཅང་འབྲེལ་བ་ཉེ་པོ་ཡོད་པ་ཁག་གཅིག་གིས་གྲངས་ཉུང་མི་རིགས་ལ་རང་སྐྱོང་གི་གནས་བབས་ཟེར་བའི་གནད་དོན་ཡོངས་རྫོགས་དོན་དངོས་ཐོག་གྲངས་ཉུང་མི་རིགས་ཀྱི་ཡར་རྒྱས་དང་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་འགོག་རྐྱེན་དང་གནོད་གཞི་བཟོ་བཞིན་ཡོད་སྐོར་བརྗོད་དེ།
ཐོབ་ཐང་དེ་དག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནས་ཕྱིར་བསྡུ་བྱས་ཏེ་དབྱེད་འབྱེད་བྱ་རྒྱུ་མེད་པ་བཟོ་དགོས་པའི་བསམ་ཚུལ་བཏོན་ཡོད། སྐད་ཆ་དེ་ནི་ཧ་ཅང་སེམས་འཚབ་བྱེད་དགོས་པའི་ཉེན་བརྡ་ཞིག་ཆགས་ཡོད། དེ་གཅིག་བྱས་ན་ཉམས་ཚོད་ལེན་པའི་སྐད་ཆ་ལྟ་བུར་མཐོང་སྲིད། འོན་ཀྱང་འདི་ལོ་ཕྱི་ཟླ་ ༢ ནང་ཕྲན་དང་སྐལ་བཟང་རྒྱལ་མཚན་ལྷན་དུ་གྲོས་མོལ་བྱེད་མཁན་གཙོ་བོ་ཞིག་དང་ཏང་གི་འགོ་ཁྲིད་རྙིང་གྲས་ཤིག་གིས་རྒྱ་ནག་དབུས་གཞུང་ལ་གཞུང་འབྲེལ་ཡི་གེ་ཞིག་བཏང་སྟེ། འབྱུང་འགྱུར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་གནད་དོན་དེའི་སྐོར་གླེང་དགོས་པའི་བསམ་ཚུལ་བཏོན་པ་དང་སྦྲགས། འཐབ་ཕྱོགས་གཅིག་གྱུར་གྱི་ལངས་ཕྱོགས་བཟུང་སྟེ་ཐོབ་ཐང་དེ་དག་གིས་གྲངས་ཉུང་མི་རིགས་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་གནོད་བཞིན་ཡོད་སྐོར་དང་གནད་དོན་དེ་དག་རྩ་ཁྲིམས་ནས་འདོན་ཐུབ་ཚེ་བོད་རིགས་དང་ཧན་མི་རིགས། ཡུ་གུར་མི་རིགས་བཅས་མི་རིགས་སོ་སོའི་དབྱེ་བ་མེད་པར་ང་ཚོ་ཚང་མ་རྒྱ་མི་རིགས་མཚོན་ཐུབ་རྒྱུ་ཡིན་པ་སོགས་བཤད་ཡོད། ཚང་མས་མཁྱེན་དགོས་པ་ཞིག་ལ་གལ་ཏེ་གུང་ཁྲན་ཏང་དང་ཏང་གི་འགོ་ཁྲིད་མཁྲེགས་འཛིན་པ་ཚོས་རྩ་ཁྲིམས་ནས་ཐོབ་ཐང་དེ་ཕྱིར་བསྡུས་བྱས་ཏེ་ལོ་རྗེས་མ་ཙམ་ལ་ཁྲིམས་མཐུན་གཏན་འབེབས་བྱས་ཚེ་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གཞི་རྩ་མེད་པ་བཟོས་པ་རེད། གང་ཡིན་བརྗོད་ན་༸གོང་ས་མཆོག་གིས་ཐུགས་བློ་ཆེན་པོའི་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་གནང་མཛད་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དགོངས་པར་བཞེས་ཡོད། གང་ཡིན་བརྗོད་ན། རྩ་ཁྲིམས་དེའི་ནང་ཁྲིམས་མཐུན་གྱི་ཐོག་ནས་ཐོབ་ཐང་ཡོད་པ་གསལ་ཡོད། སྤྱིར་བཏང་ཚིག་ཙམ་ལས་དོན་དག་གང་ཡང་མེད། འོན་ཀྱང་རྩ་ཁྲིམས་ནང་གི་ཐོབ་ཐང་དེའི་ཐོག་ནས་རང་སྐྱོང་གི་གནས་བབས་སྤྲོད་རྒྱུའི་ཁས་ལེན་བྱ་རྒྱུ་ཡིན་པ་འཁོད་ཡོད། དེར་གཞི་བཞག་མཛད་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་བཞེད་མཛད་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་གིས་རྒྱུན་དུ་ང་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་ཀྱི་གནད་དོན་སེལ་ཐབས་མཛད་བཞིན་ཡོད་པ་ཕལ་ཆེར་ཚང་མས་མཁྱེན་གསལ་རེད། གང་ཡིན་བརྗོད་ན། ཐོབ་ཐང་དེ་རྩ་ཁྲིམས་ནང་འཁོད་ཡོད། གལ་ཏེ་རྩ་ཁྲིམས་ནང་ཐོབ་ཐང་དེ་ཕྱིར་བསྡུ་བྱས་ཚེ་ངས་བསམ་པར་དབུ་མའི་ལམ་གྱི་སྲིད་བྱུས་དེར་གཞི་རྩ་གང་ཡང་མེད་པའི་དོན་མེད་ཆགས་རྒྱུ་རེད། དེར་བརྟེན་གནད་དོན་དེར་ང་ཚོ་ཚང་མས་དོ་སྣང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཕྲན་གྱི་བསམ་ཚུལ་ལ་བོད་ལ་རང་སྐྱོང་གི་གནས་བབས་སྤྲོད་རྒྱུའི་ཐོབ་ཐང་དེ་རྒྱ་ནག་གུང་ཁྲན་ཏང་ཕྱོགས་གཅིག་རྐྱང་པས་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ལ་བཀའ་བཏང་ནས་ཕྱིར་བསྡུ་བྱེད་ཆོག་ཆོག་ཡོད་པ་ཞིག་ལ་ངོས་འཛིན་ཞུ་གི་མེད། གང་ཡིན་བརྗོད་ན།
རྒྱ་གར་གཞུང་གིས་ནོར་འཁྲུལ་དང་འཐུས་ཤོར་ཇི་ཡིན་རུང་ཕྱི་ལོ་ ༡༩༥༠ ནང་གི་བྱུང་རབས་ངས་འདིར་བསྐྱར་ཟློས་བྱ་འདོད་གང་ཡང་མེད། ཚང་མས་མཁྱེན་གསལ་ལྟར། ཆ་རྐྱེན་ཞིག་གི་འོག་ནས་རྒྱ་གར་གྱི་སྲིད་གཞུང་སྔ་ཕྱི་རིམ་པས། བོད་དེ་རྒྱ་ནག་གི་ཞིང་ཆེན་ཞིག་མིན་པར་རྒྱ་ནག་གི་རང་སྐྱོང་གི་མངའ་ཁུལ་ཞིག་ཡིན་པ་ཁས་ལེན་བྱས་ཡོད། དེར་བརྟེན་བོད་ལ་རང་སྐྱོང་གི་གནས་བབས་དགོས་པའི་དགོས་འདུན་དེར་རྒྱལ་སྤྱིའི་མཐོང་ཕྱོགས་ཤིག་ཡོད་པ་དེ་ང་ཚོས་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་མ་ཟད། ང་ཚོས་གནད་དོན་དེ་དག་དྲན་བསྐུལ་ཐོག་སྐད་ཆ་ཤོད་དགོས། ཁ་སེང་བཀའ་ཁྲི་མཆོག་གིས་དབུ་མའི་ལམ་གྱི་ལངས་ཕྱོགས་དང་བོད་རྒྱ་གྲོས་མོལ་ཐོག་ཆོད་སེམས་བརྟན་པོ་འཆང་བཞིན་ཡོད་སྐོར་གསུངས་པ་དེས་ང་རང་ཧ་ཅང་དགའ་པོ་བྱུང། གང་ཡིན་བརྗོད་ན། ལངས་ཕྱོགས་དེ་ཡང་དག་པ་ཞིག་ཆགས་ཡོད། གལ་ཏེ་ལོ་གཉིས་ཙམ་གྱི་ནང་ཐོབ་ཐང་དེ་དག་མེད་པ་ཡིན་ན། གྲོས་མོལ་བྱ་རྒྱུའི་གཞི་རྩ་མེད་པ་འགྱུར་བར་བརྟེན་ཧ་ཅང་དཀའ་ངལ་འཕྲད་ངེས་རེད།
གསུམ་པ། ལྷན་ཚོགས་འདི་དང་ཧ་ཅང་འབྲེལ་བ་ཡོད་པ་ནི་བོད་ནང་གི་གནས་སྟངས་ཡིན། དེའི་སྐོར་༸གོང་ས་མཆོག་དང་བཀའ་ཁྲི་མཆོག་རྣམ་གཉིས་ཀྱིས་བཀའ་སྩལ་གྲུབ་ཡོད། དེའི་སྐོར་བསྐྱར་ཟློས་བྱ་རྒྱུ་མིན། འོན་ཀྱང་བོད་ནང་གི་གནས་སྟངས་ལ་ཡར་རྒྱས་མ་བྱུང་ཚེ་ད་ཡོད་གནས་སྟངས་ལས་ཇེ་སྡུག་ཏུ་འགྲོ་སྲིད། དེ་ལྟར་བྱུང་ན་ང་ཚོས་གང་བྱེད་དགོས། དང་ཐོག་བྱེས་སུ་འཁོད་པའི་བོད་མིའི་དབུ་ཁྲིད་ཚོར་བཟང་སྤྱོད་ཀྱི་འགན་ཞིག་ཡོད། ཚང་མས་མཁྱེན་གསལ་ལྟར། འདས་པའི་ལོ་ ༡༠།༡༥ ཙམ་གྱི་ནང་ཆ་རྐྱེན་གསར་པ་ཞིག་བྱུང་ཡོད། དེ་ནི་ཨར་ཊུ་པི་(R2P) ཞེས་པ་འདི་རེད། གོ་དོན་ནི་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་། ཟེར་བ་དེ་རེད། ཆ་རྐྱེན་དེ་ཐོག་མར་འབྱུང་རྒྱུའི་རྒྱབ་ལྗོངས་ཀྱི་གནས་སྟངས་ཚང་མས་མཁྱེན་གསལ་ལྟར། བྷལ་ཀན་(Balkan)དང་ར་ཝན་ཌ་(Rwanda)སོགས་ཀྱི་ནང་དཀའ་ངལ་འཕྲད་པ་དེས་ཡིན། འོན་ཀྱང་དེང་སྐབས་ཆ་རྐྱེན་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གཞུང་འབྲེལ་གྱི་ལག་ཆ་ལྟ་བུ་ཆགས་ཡོད། དེ་ནི་ངས་ཧ་ཅང་ཡག་པོ་ཞིག་མཐོང་གི་འདུག གང་ཡིན་བརྗོད་ན། མངའ་དབང་ལྡན་པའི་རྒྱལ་ཁབ་གཅིག་ཡིན་ཕྱིན་རྒྱལ་ཁབ་དེའི་ནང་གི་སྲིད་དབང་འཛིན་མཁན་གྱི་སྒྲིག་འཛུགས་དེས་རང་གི་མི་སེར་གྱི་རང་དབང་ལ་རྩིས་མེད་རྡོག་རོལ་གཏོང་ཆོག་གི་མེད། གལ་ཏེ་དེ་འདྲ་བྱུང་བ་དང་ཡང་ན་ཧ་ཅང་ཚབས་ཆེན་པོ་འབྱུང་སྐབས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཐེ་བྱུས་བྱ་རྒྱུའི་འགན་ཞིག་ཡོད། ཐེ་བྱུས་ནམ་ཡིན་ལ་དྲག་པོ་ཡིན་པའི་ཁྱབ་པ་གང་ཡང་མེད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ད་བར་དྲག་པོའི་ལམ་ནས་ཐེ་བྱུས་བྱེད་དགོས་པ་མང་པོ་ཆགས་ཡོད། དེའི་སྐོར་ཤོད་ཀྱི་མེད། གང་ཡིན་བརྗོད་ན་བྱ་ཐབས་བྲལ་ནས་མཐར་འུ་ཐུག་སྐབས་གཞི་ནས་དྲག་པོའི་ཐེ་བྱུས་བྱེད་དགོས་པ་ཞིག་ལ་ངས་ངོས་འཛིན་ཞུ་བཞིན་ཡོད། དམག་མི་གཏོང་མི་དགོས་པའི་ཐོག་ནས་ཐེ་བྱུས་བྱ་རྒྱུའི་ཐབས་ལམ་མང་པོ་ཞིག་ཡོད་པ་མཐོང་གི་འདུག རྒྱ་ནག་དེ་ལི་བི་ཡ་(Libya)དང་ར་ཝན་ཌ་(Rwanda)ལྟར་མིན། རྒྱུ་མཚན་དེའི་ཆ་ནས་ངས་ཞུ་གི་མེད། རྒྱ་ནག་སྟོབས་ཆེན་རྒྱལ་ཁབ་གཅིག་ཡིན་པ་མ་ཟད། སྟོབས་ཤུགས་དེ་ལས་ཆེ་བ་ཡོད་བསམ་པའི་འཁྲུལ་སྣང་ཞིག་ཀྱང་ཡོད།
ང་ཚོས་བཟང་སྤྱོད་ཀྱི་འགན་དེ་ལས་གཡོལ་ཐབས་མེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐེ་བྱུས་བྱེད་སྐབས་རྒྱལ་ཁབ་སྟོབས་ཤུགས་ཆེ་ཆུང་དང་རྒྱལ་ཁབ་སོ་སོའི་ཁེ་ཕན་དང་འབྲེལ་བ་ཡོད་མེད་སོགས་ཀྱི་ཆ་རྐྱེན་ལ་གཞི་བཞག་ཐོག་འདམ་ག་བྱས་ཏེ་ཐེ་བྱུས་བྱེད་མི་རུང། གནད་དོན་དེ་དག་ལྷན་ཚོགས་འདིའི་བསྒྲགས་གཏམ་ནང་འཇུག་རྒྱུར་དུས་ཚོད་རན་མིན་ཇི་ལྟར་ཡང་བོད་མི་ཚོ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གནད་དོན་དེའི་སྐོར་ངེས་པར་གླེང་འགོ་འཛུགས་དགོས། གནད་དོན་དེ་དག་ལམ་སེང་སང་ཉིན་རང་ལག་ལེན་བསྟར་ཐུབ་པ་ཞིག་ཡིན་པ་ངས་བརྗོད་ཀྱི་མེད། འོན་ཀྱང་ང་ཚོས་ད་ལྟ་ནས་གནད་དོན་དེ་དག་སྐོར་ལ་གླེང་འགོ་འཛུགས་དགོས། འདི་ངའི་བསམ་ཚུལ་ཡིན། ང་དང་ངའི་ལས་རོགས་སྐལ་བཟང་རྒྱལ་མཚན། དེ་བཞིན་ཡུ་རོབ་བོད་དོན་རྒྱབ་སྐྱོར་བ་དང་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་འཐུས་མི་ཚོས་ཡུ་རོབ་བོད་དོན་དམིས་བསལ་འབྲེལ་མཐུད་པ་ཞེས་ཨ་རིས་ཆེད་འཛུགས་གནང་བ་བཞིན། བོད་དོན་ཆེད་ཡུ་རོབ་སྐུ་ཚབ་འཐུས་མི་ཞིག་ཆེད་འཛུགས་གནང་དགོས་པའི་དགོས་འདུན་བཏོན་ཡོད། མིང་ཇི་འདྲ་ཞིག་འདོགས་མིན་ཁྱད་པར་གང་ཡང་མེད། ཁྱེད་ཚོས་རྒྱལ་ཁབ་མང་པོ་ཞིག་གི་གནད་དོན་ཐོག་འབྲེལ་བ་བྱེད་དགོས་པ་སོགས་ལ་བརྟེན་ནས་ལས་གཞི་འདི་ལག་བསྟར་ཡོང་རྒྱུ་ཧ་ཅང་དཀའ་བ་ཞིག་ཡིན་པ་ངས་ཤེས་ཀྱི་ཡོད་ནའང་། གལ་ཏེ་དེ་ལྟར་ལག་བསྟར་བྱེད་ཐུབ་ཚེ་ཕྱོགས་གཅིག་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བོད་ཀྱི་གནད་དོན་ཐོག་དོ་སྣང་བྱས་པ་ཙམ་མིན་པར་དམིགས་བསལ་འབད་བརྩོན་བྱེད་བཞིན་ཡོད་པའི་བརྡ་ལན་བཟང་པོ་ཞིག་གཏོང་རྒྱུ་དང་།
གཉིས་ནས། ད་ལྟ་བོད་ནང་གི་ཛ་དྲག་གནས་སྟངས་དེ་གནས་ཚུལ་གཉིས་ལ་བརྟེན་ནས་ཞི་འཇམ་ཡོང་ཐུབ། དང་པོ་དེ། རྒྱ་ནག་ཆགས་ཡོད། འོན་ཀྱང་ཁོང་ཚོས་ང་ཚོས་གང་བྱེད་ཟེར་བ་དེ་བྱ་རྒྱུའི་ཚབ་ཏུ་ལྡོག་ཕྱོགས་བྱེད་བཞིན་ཡོད། གཉིས་པ་དེ། བོད་ནང་གི་གཞིས་བཞུགས་བོད་མི་ཚོར་བཟང་ཕྱོགས་ཀྱི་རེ་བ་ཡོད་པའི་བརྡ་ལན་བཟང་པོ་ཞིག་གཏོང་ཐུབ་པ་བྱ་རྒྱུ་དེ་ཡིན།
དེར་བརྟེན་གལ་ཏེ་ཡུ་རོབ་གྲོས་ཚོགས་ཀྱིས་དམིགས་བསལ་སྐུ་ཚབ་ཞིག་བསྐོ་གཞག་གནང་ཐུབ་ཚེ་རྒྱ་ནག་གིས་མི་དགའ་བ་བྱ་རྒྱུ་ཡིན་པར་ཐེ་ཚོམ་མེད་ཀྱང་བོད་ནང་གི་བོད་མི་ཚོར་བརྡ་ལན་ཧ་ཅང་ཤུགས་ཆེན་པོ་ཞིག་ཆགས་རྒྱུ་ཡིན། སུས་ཀྱང་དོན་མེད་ཀྱིས་རང་སྲོག་བློས་གཏོང་བྱེད་འདོད་མེད། གལ་ཏེ་ཁོང་ཚོས་རེ་བ་ཞིག་མཐོང་ཚེ་རེ་བ་དེར་བློ་གཏད་བྱས་ཏེ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་རེ་བསམས་ཏེ་མུ་མཐུད་འཚོ་གནས་བྱ་རྒྱུར་ཕན་ཐོགས་ཡོད། ཅེས་གསུང་བཤད་གནང་ཡོད། གསུང་བཤད་རྣམས་དབྱིན་སྐད་ཐོག་གནང་བ་ནས་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་བསྒྱུར་ཞུས་པས་རྩ་བའི་ཚིག་དོན་རྣམས་དབྱིན་སྐད་ལ་རྩ་འཛིན་ཡོང་བ་ཞུ།།