༢༠༡༠ ཟླ་ ༧ ཚེས་ ༢༨ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༠ ཟླ་ ༧ ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ནུབ་ར་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ནུབ་ར་ཐེའོ་སི་གནམ་ཐང་ནས་རྡ་སར་ཆིབས་ཞལ་བསྒྱུར་ཏེ་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་འཁོད་ཡོད། སྐབས་དེར་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གི་གཙོས་པའི་འབྲེལ་ཡོད་མི་སྣ་ཁག་གཅིག་གིས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། གྷ་གྷལ་གནམ་ཐང་ནས་ས་ཐོག་བརྒྱུད་ཆིབས་སྒྱུར་སྐྱོང་སྐབས་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ལག་ཏུ་སྤོས་སྣེ་དང་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ཡང་མགོན་པོ་གང་ཉིད་མཆོག་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་བཞུགས་སྒར་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་ཡོད་པ་བཅས།།