ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢༤ རེས་གཟའ་པ་སངས།
༄༅། །བཀའ་དྲུང་ཡིག་ཚང་གི་ཁྱབ་ཁོངས་བཀའ་ཡིག་ངེས་མེད་ལས་གཞི་སྡེ་ཚན་གྱི་ལས་བྱེད་ལས་ཐོག་པ་དངོས་གྲུབ་ཚེ་རིང་ལགས་འདས་གྲོངས་སུ་གྱུར་བའི་་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད།
དེ་ཡང་ཚེ་འདས་དངོས་གྲུབ་ཚེ་རིང་ལགས་ནི་ཕྱི་ལོ་ ༡༩༧༣ ལོར་ཕ་འཇིགས་མེད་རྒྱལ་མཚན་དང་། མ་བསོད་ནམས་ཆོས་སྒྲོན་གཉིས་ཀྱི་རིགས་རུས་སུ་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་སྐྱེས་ཡོད་འདུག ནར་སོན་སྐབས་ས་གནས་དེ་གའི་གཞི་རིམ་སློབ་གྲྭར་འཛིན་རིམ་བཅུ་པ་བར་བསྐྱོད་དེ་སློབ་སྦྱོང་གནང་འདུག་པ་དང་། དེ་རྗེས་མ་སུ་རི་གཏན་སློབ་ཏུ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་སློབ་ཐོན་གནང་སྟེ་ཁདDharwad Kanatakaམཐོ་སློབ་ཏུ་རྩིས་ཀྱི་སློབ་སྦྱོང་གནང་ཡོད་འདུག དེ་རྗེས་གཞུང་ཞབས་སུ་ཡིག་རྒྱུགས་ཀྱི་ལམ་ནས་འདེམས་ཐོན་བྱུང་སྟེ་ ༡༩༩༧ ཕྱི་ཟླ་ ༡ ཚེས་ ༢༡ ནས་རྩིས་ཞིབ་ལས་ཁུངས་ཀྱི་ལས་དོའི་གནས་རིམ་ཐོག་ཟླ་དྲུག་རིང་ཚོད་ལྟའི་ལས་བྱེད་དུ་བསྐོ་གཞག་གནང་བ་དང་། ༡༩༩༧ ཕྱི་ཟླ་ ༡ ཚེས་ ༡༣ ནས་རྩིས་ཞིབ་ལས་ཁུངས་ཀྱི་ལས་ངོར་བསྐོ་གཞག་གནང་ཡོད་པ་རེད། ༢༠༠༢ ཕྱི་ཟླ་ ༡ ཚེས་ ༡༥ ནས་རྩིས་ཞིབ་ལས་ཁུངས་ཀྱི་སྡེ་ཚན་འགན་འཛིན་ཐོག་གནས་སྤར་གནང་། ༢༠༠༣ ཕྱི་ཟླ་ ༨ ཚེས་ ༡ ནས་ཨོ་རི་ས་ཕུན་ཚོགས་གླིང་མཉམ་འབྲེལ་གྱི་རྩིས་པར་གནས་སྤོས་དང་། ༢༠༠༤ པྱི་ཟླ་ ༡༢ ཚེས་ ༢༠ འོས་བསྡུ་ལས་ཁང་དུ་གནས་སྤོས། ༢༠༠༥ ཕྱི་ཟླ་ ༣ ཚེས་ ༤ ནས་ནས་བཀའ་དྲུང་ཡིག་ཚང་གི་བཀའ་ཡིག་ཁྱབ་ཁོངས་ངེས་མེད་ལས་གཞི་སྡེ་ཚན་ཁོངས་སུ་གནས་སྤོས་གནང་།
༢༠༠༦ ཕྱི་ཟླ་ ༡༠ ཚེས་ ༡༢ ནས་ཟླ་དྲུག་རིང་དམིགས་བསལ་ཕོགས་མེད་དགོངས་ཞུ་གནང་འདུག ༢༠༠༧ ཕྱི་ཟླ་ ༡ ཚེས་ ༡༢ ནས་ཕྱི་དྲིལ་ལས་ཁུངས་སུ་གནས་སྤོས་དང་། ༢༠༠༨ ཕྱི་ཟླ་ ༤ ཚེས་ ༧ ནས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་དུ་གནས་སྤོས་བསྐོ་གཞག་སྩལ། ༢༠༠༨ ཕྱི་ཟླ་ ༤ ཚེས་ ༢༥ ནས་བཀའ་ཡིག་ཁྱབ་ཁོངས་ངེས་མེད་ལས་གཞི་སྡེ་ཚན་དུ་གནས་སྤོས་གནང་སྟེ་ཕྱག་ལས་གནང་མུས་ཐོག་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢༢ དགོང་དྲོ་གློ་བུར་དུ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོས་འཕྲལ་བཀའ་དྲུང་ཡིག་ཚང་ནས་བཀོད་ཁྱབ་གནང་བ་བཞིན་ཕྱི་ཟླ་ ༡༠ ཚེས་ ༢༣ ཉིན་རྒྱབ་ཆུ་ཚོད་ ༣ པ་ནས་ ༤ བར་ལས་ཁུངས་སོ་སོའི་ནང་སྨོན་ལམ་གསུང་འདོན་གནང་གྲུབ་རྗེས་མྱ་ངན་མཚོན་ཆེད་ཆུ་ཚོད་གཅིག་རིང་ལས་ཁུངས་ཁག་སྒོ་བརྒྱབ་ཡོད་པ་བཅས།།