ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༡༦ རེས་གཟའ་ཕུར་བུ།
༄༅། །བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་ཅུང་ཟད་བདེ་མིན་གྱིས་སྨན་བཅོས་ལེགས་གྲུབ་ཟིན་ཏེ་ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༡༦ རེས་གཟའ་ཕུར་བུ་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ཐོག་ལྡི་ལི་གསར་པའི་སར་གངྒ་རམ་གྱི་སྨན་ཁང་ནས་བོད་ཁྱིམ་གཞོན་ནུའི་སྡོད་ཁང་གི་བཞུགས་གནས་སུ་ཆིབས་སྒྱུར་བསྐྱངས་ཡོད་པ་རེད། སར་གངྒ་རམ་སྨན་ཁང་གི་སྨན་པ་ཌོག་ཊར་པར་ཌིབ་ཅའོ་བིའི་(Dr Pradeep Chaubey)ནས་གསུང་གསལ་མགོན་པོ་གང་ཉིད་སྐུ་ཁམས་བདེ་ཐང་ངང་བཞུགས་སྒར་དུ་ཕེབས་ཆོག་པ་འདུག་ཅེས་དང་། ཨ་རིའི་སྨན་ཁང་ཇོན་ཧོབ་ཁིན་(John Hopkin)དང་དེ་མིན་གྱི་སྨན་ཁང་མང་པོ་ཞིག་ནས་སྐུའི་སྙུང་གཞིར་སྨན་བཅོས་གནང་གི་ཡིན་ཞེས་ཞུས་ཡོད་ཀྱང་ཏཱ་ལའི་བླ་མ་མཆོག་ནས་འདི་གར་གཤག་བཅོས་གནང་རྒྱུའི་འདམ་ག་གནང་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྨན་ཁང་ནས་ཕྱིར་ཆིབས་སྒྱུར་སྐབས་མགོན་པོ་གང་ཉིད་ནས་བཀའ་སློབ་ཕེབས་དོན། ངོས་རང་སྨན་བཅོས་ཆེད་སྨན་ཁང་དུ་སྡོད་རིང་ཧ་ཅང་གི་སྐྱིད་པོ་བྱུང་། ཞེས་བཀའ་སྩལ་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སར་གངྒ་རམ་སྨན་ཁང་དུ་སྨན་བཅོས་ལེགས་གྲུབ་ཟིན་ནས་བོད་ཁྱིམ་གཞོན་ནུའི་སྡོད་ཁང་གི་བཞུགས་གནས་སུ་ཆིབས་སྒྱུར་གནང་སྐབས་བོད་ཁྱིམ་གཞོན་ནུའི་སྡོད་ཁང་གི་དགེ་ལས་སློབ་ཕྲུག་ཡོངས་ནས་ཕེབས་བསུ་ཧ་ཅང་གཟབ་རྒྱས་ཞུས་ཡོད་པ་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཉིན་ཤས་བོད་ཁྱིམ་གཞོན་ནུའི་སྡོད་ཁང་གི་བཞུགས་གནས་སུ་སྐུ་ངལ་གསོས་ཏེ་བཞུགས་ཞག་མཛད་རྒྱུའི་གནས་བསྡུས་སུ།།