༢༠༡༢ ཟླ་ ༤ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཧ་ཝའེ་ (Hawaii) མངའ་སྡེའི་རྒྱལ་ས་ཧོ་ནོ་ལུ་ནུའི་ཉེ་འཁྲིས་སུ་ཆགས་པའི་གྲོང་ཁྱེར་མོ་ནོ་ཝར་ (Manoa)ཞེས་པའི་ཧ་ཝའི་གཙུག་ལག་སློབ་གྲྭ་ཆེན་མོའི་ (University Of Hawaii) ཚོགས་ཁང་ནང་དགེ་ལས་སློབ་ཕྲུག་སྟོང་ཚོ་མང་པོར་ནང་སེམས་ཀྱི་ཤེས་ཡོན་ཐོག་བཀའ་སློབ་སྩལ་ཡོད།
ཐོག་མར་མགོན་པོ་གང་ཉིད་མཆོག་གིས་བཞུགས་གནས་མགྲོན་ཁང་ནས་བྷི་ཤོབ་འགྲེམས་སྟོན་ཁང་ (Bishop Museum) དུ་ཆིབས་སྒྱུར་བསྐྱངས་སྐབས་མགྲོན་ཁང་གི་ཚོམས་རྭའི་ནང་དུ་བོད་མི་ཉུང་ཤས་ཤིག་ལ་ཁྱུག་ཙམ་མཇལ་ཁ་སྩལ་ཏེ་ཐུགས་བརྩེ་བ་ཆེན་པོས་བོད་མི་ཚོར་ལས་ཀ་གང་བྱེད་ཀྱི་ཡོད་མེད་སོགས་བཀའ་དྲི་མཛད་དེ་རང་ཉིད་བོད་མི་ཞིག་ཡིན་བསམ་པའི་འདུ་ཤེས་ནམ་ཡང་བརྗེད་རྒྱུ་མེད་པའི་བཀའ་སློབ་སྩལ། དེ་རྗེས་འགྲེམས་སྟོན་ཁང་དུ་༸ཞབས་སོར་འཁོད་མཚམས་ཧ་ཝའི་རིག་གཞུང་གཅེས་སྐྱོང་ཁང་གི་ (Aha Punana Leo Honolulu) གཞོན་སྐྱེས་སློབ་ཕྲུག་ཚོས་བསྟོད་པའི་གླུ་དབྱངས་འབུལ་བཞིན་ཕེབས་བསུ་ཞུས་ཡོད། དེ་རྗེས་འགྲེམས་སྟོན་ཁང་དུ་ཧ་ཝའི་མཚོ་གླིང་དེའི་རིག་གཞུང་དང་འབྲེལ་བའི་དངོས་རྫས་རྣམས་ལ་ཐུགས་དགྱེས་ཚོར་ཆེན་པོས་གཟིགས་ཞིབ་མཛད། སྐབས་དེར་ཁུལ་དེའི་ཐུན་མིན་དབུ་ཞྭ་ཞིག་ཀྱང་༸གོང་ས་མཆོག་ལ་སྒྲོན་འབུལ་ཞུ་སྐབས་ཞྭ་མོ་དེ་ནི་བོད་པའི་དགེ་འདུན་པའི་ཞྭ་མོ་དང་འདྲ་པོ་ཡོད་སྐོར་སོགས་ཀྱི་བཀའ་སློབ་སྙིང་བསྡུས་ཤིག་སྩལ་དོན། ཞྭ་མོ་འདི་ངོས་ལ་ལག་རྟགས་སུ་གནང་བ་དེས་ཧ་ཝའི་སྤྱི་ཚོགས་ཀྱིས་ངོས་ལ་དགའ་བསུའི་ངོས་འཛིན་གནང་བ་ཞིག་མཚོན་བཞིན་ཡོད་སྟབས། ངོས་ཀྱིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཧ་ཝའི་གདོད་མའི་མི་རིགས་ཚོས་རང་གི་ཐུན་མིན་རིག་གཞུང་གཅེས་སྐྱོང་བྱས་པ་དེ་ནི་ལྷོ་ཨ་རི་དང་ཡུ་རོབ་ཁུལ་གྱི་གདོད་མའི་མི་རིགས་ཁག་གཅིག་ཡོད་པ་དང་། དེ་བཞིན་བོད་མི་ཚོའི་རིག་གཞུང་གཅེས་སྐྱོང་གི་འཐབ་རྩོད་དང་རྣམ་པ་མཚུངས་ཤིང། ཚན་རིག་གི་རིག་རྩལ་ལས་གྲུབ་པའི་འཕྲུལ་ཆས་དངོས་པོ་ཐོན་གསར་དར་ཁྱབ་ཆེ་བའི་དུས་སྐབས་འདིར། བྱང་ཨ་རི་དང་ཉི་ཧོང་གི་ཤིན་ཊོའི་ (Shinto) ཆོས་ལུགས་སྨྲ་བ་ཚོས་རང་བྱུང་ཁམས་ཀྱི་ཁོར་ཡུག་དང་འབྲེལ་བའི་སྐྱེ་དངོས་སོགས་ལ་འབྲེལ་བ་ཆེན་པོ་བྱ་རྒྱུའི་གོམས་སྲོལ་དེ་གལ་ཆེན་པོ་ཆགས་ཡོད། གོམས་སྲོལ་དེས་ང་ཚོར་རང་བྱུང་ཁམས་ཀྱི་ཆ་ཤས་ཤིག་ལས་རང་བྱུང་ཁམས་ལས་ང་ཚོ་ཁྱད་དུ་འཕགས་པ་མིན་ཞེས་པའི་དྲན་སྐུལ་ཡང་གཏོང་བཞིན་ཡོད། ང་ཚོ་འཚོ་གནས་བྱ་རྒྱུར་རང་བྱུང་ཁམས་ལ་བརྟེན་ཡོད་ཅེས་སོགས་ཀྱི་བཀའ་སློབ་སྩལ་ཏེ། ཧ་ཝའི་གཙུག་ལག་སློབ་ཁང་ལ་ཆིབས་སྒྱུར་བསྐྱངས་ཡོད།
གཙུག་ལག་སློབ་ཁང་དེར་༸ཞབས་སོར་འཁོད་སྐབས་དེར་གཙུག་ལག་སློབ་གྲྭའི་རིགས་བདག་སྐུ་ཞབས་ཝིར་ཇི་ནི་ཡ་ཧིན་ཤོ་ (Chancellor Virginia Hinshaw)མཆོག་དང་ཧ་ཝ་ཡི་རང་སྐྱོང་སློབ་གྲྭའི་མཐུན་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ (Robert Witt) རྣམ་གཉིས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་སྡིངས་ཆའི་སྟེང་༸ཞབས་སོར་འཁོད་མཚམས་སུ་ཨ་རིའི་གླུ་པ་ཇེཀ་ཇོན་སོན་ (Jack Johnson) ལགས་ཀྱིས་གླུ་དབྱངས་ཀྱི་མཆོད་སྤྲིན་ལམ་ནས་༸གོང་ས་མཆོག་ལ་ཕེབས་བསུ་ཞུས་ཡོད། དེ་ནས་ཨི་བྷེ་ (eBay) སྦྱིན་བདག་གི་ལྕམ་སྐུ་པམ་ཨོ་མིཌ་ཡར་ (Mrs.Pam Omidyar) ལགས་ཀྱིས་༸གོང་ས་མཆོག་གི་མཛད་རྣམ་སྙིང་བསྡུས་ཤིག་མང་ཚོགས་ཁྲོད་སྙན་སྒྲོན་ཞུས་ཏེ་མགོན་པོ་གང་ཉིད་མཆོག་གིས་ད་བར་འཚེ་མེད་ཞི་བ་གོང་འཕེལ་ཆེད་ཐུགས་བརྩོན་མཛད་པར་བཀའ་དྲིན་རྗེས་དྲན་ཞུས་ཡོད།
དེ་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། མིའི་མི་ཚེ་འདི་བཞིན་རེ་བ་དང་དགའ་ཚོར་ཐོག་ནས་བསྐྱལ་དགོས་ཀྱི་ཡོད། འོན་ཀྱང་དགའ་བའི་ཚོར་བ་དེ་བཞིན་ལུས་པོ་ཁོ་ནའི་སྟེང་ནས་ཡོང་གི་མེད། ཐ་ན་ལུས་པོའི་ཐོག་སྡུག་བསྔལ་དང་ན་ཟུག་གང་ཙམ་མྱོང་དགོས་བྱུང་ཡང་། སེམས་ལ་ཞི་བདེ་ལྡན་ཚེ་འདོད་བློ་ཁེངས་པའི་ཚོར་བ་ཧ་ཅང་ཆེན་པོ་བསྐྲུན་གྱི་ཡོད། མི་ཚང་མར་ཁེ་ཕན་འདྲ་མིན་ཡོད་སྟབས། ཕན་ཚུན་བསམ་བློ་མི་མཐུན་པ་ཡོང་གི་ཡོད། མི་གཞན་ནས་རང་ཉིད་ལ་སྐད་ཆ་ཤོད་སྐབས་གུས་བརྩིའི་ཐོག་ནས་ཉན་འཇོག་བྱས་ཏེ་སྐད་ཆ་དེ་དག་དྲང་བདེན་ཡིན་མིན་བརྟག་དཔྱད་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རང་ཉིད་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་པ་དང་། དེ་བཞིན་མི་གཞན་གྱིས་རང་ཉིད་ལ་སྐྱོན་བརྗོད་བྱས་པའི་སྐབས་སུ་ནང་སེམས་ཀྱི་ཞི་བདེ་དོར་རྒྱུ་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་གི་མཛད་ཁུར་གསུམ་གྱི་ཐོག་བཀའ་སློབ་ཟབ་རྒྱས་སྩལ་རྗེས་གོ་སྒྲིག་ཚོགས་ཆུང་གིས་༸གོང་ས་མཆོག་ལ་དུང་དཀར་ཞིག་འབུལ་ལམ་ཞུས་ཏེ་མཛད་སྒོ་ཡོངས་སུ་ལེགས་པར་གྲུབ།
ཕྱི་ཚེས་ ༡༥ ཉིན་ཧ་ཝའི་གཙུག་ལག་སློབ་གྲྭར་༸གོང་ས་མཆོག་དབུ་བཞུགས་ཐོག་དེང་གི་དུས་སུ་གདོད་མའི་མི་རིགས་ཀྱི་རྣམ་དཔྱོད་གལ་ཆེ་ཚུལ། ཞེས་པའི་བརྗོད་གཞི་དང་ཨ་ལོ་ཧའི་ནུས་པའི་ཐོག་ནས་ཞི་བདེ་གོང་མཐོར་གཏོང་ཐབས། ཞེས་པའི་བརྗོད་གཞི་གཉིས་ཀྱི་ཐོག་བགྲོ་གླེང་ལྷན་ཚོགས་ཤིག་གནང་ཡོད་པ་བཅས།།