༢༠༡༢ ཟླ་ ༤ ཚེས་ ༣ རེས་གཟའ་མིག་དམར།
༄༅། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༣ ཉིན་བཞུགས་སྒར་རྡ་ས་གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་བདེ་ལེགས་སྨན་ཁང་གིས་གོ་སྒྲིག་ཐོག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཊི་བྷི་ནད་གཞི་འགོག་ཐབས་ཀྱི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད། དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་རྒྱལ་སྤྱིའི་རྒྱ་གར་ཊི་བྷི་ནད་གཞི་སྡེ་ཚན་གྱི་ཁྱད་ལས་པ་ Dr. Ashok Kumar ལགས་དང་། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས། བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས། སྐུའི་ཕྱི་ལུགས་ཀྱི་བླ་སྨན་ཚེ་བརྟན་ལགས། ཧི་མ་ཅལ་མངའ་སྡེའི་ཊི་བྷི་ནད་གཞིའི་ཁྱད་ལས་པ་Dr Kulbhushan Sood ལགས་དང་། ཊན་ཊ་འཕྲོད་བསྟེན་མཐོ་སློབ་ཀྱི་སློབ་སྤྱི། ཨ་རིའི་དང་ཨི་ཊཱ་ལིའི་ཊི་བྷི་ནད་གཞིའི་ཉམས་ཞིབ་པ་ཁག་གཅིག་དང་། ཕྱི་རྒྱལ་ཊི་བྷི་ལས་གཞིའི་རོགས་ཚོགས་བདེ་ལེགས་སྨན་ཁང་དུ་བཅའ་བཞུགས་སྨན་པ་དང་། འཕྲོད་བསྟེན་ཁྱབ་ཁོངས་ས་གནས་སྨན་ཁང་ཁག་གི་སྨན་པ་དང་ཊི་བྷི་སྨན་ཞབས་བཅས་ཁྱོན་མི་གྲངས་ ༦༠ བརྒལ་བ་ལྷན་འཛོམས་ཐོག་བདེ་ལེགས་སྨན་ཁང་གི་སྨན་པ་དཀོན་མཆོག་རྡོ་རྗེ་ལགས་ཀྱིས་ངོ་སྤྲོད་དང་འབྲེལ་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་གནང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་དབུ་འབྱེད་གསུང་བཤད་གནང་དོན། ང་ལ་མགྲོན་ཤོག་སྦྱོར་མཚམས་ཧ་ཅང་དགའ་པོ་བྱུང། གོ་སྐབས་འདི་བཟུང་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ང་རང་དངོས་སུ་ཡོང་སྟེ་བོད་མི་ཚོ་དང་ཐུག་འཕྲད་བྱ་རྒྱུའི་གོ་སྐབས་འདི་བྱུང་ན་བསམ་དྲན་བྱུང། ཕྱོགས་མཚུངས་གོ་སྐབས་འདི་བརྒྱུད་རྒྱ་གར་དབུས་གཞུང་འཕྲོད་བསྟེན་ལས་ཁུངས་ནས་ཁྱེད་ཚོར་འཚམས་འདྲི་ཞུ་བཞིན་འདུག ཅེས་ཞུ་རྒྱུ་ཡིན། ང་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་རྒྱ་གར་དུ་གནས་སྡོད་བཙན་བྱོལ་བོད་མི་རྣམས་ལ་སྙིང་ཐག་པ་ནས་གུས་འདུད་ཞུ་བཞིན་ཡོད། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུང་དོན།
དེ་རིང་འདི་གར་ཕེབས་པའི་སྐུ་མགྲོན་རྣམ་པ་དང་སྨན་པ། སྨན་ཞབས་རྣམ་པར་འཚམས་འདྲི་ཞུ་རྒྱུ་དང་། དེ་རིང་འདིར་ཊི་བྷི་ནད་གཞིའི་ཚོགས་ཆེན་འདི་གལ་ཆེན་པོ་ཞིག་ཡིན་པར་འཕྲོད་བསྟེན་ལས་ཁུངས་ནས་ངོས་འཛིན་ཞུ་གི་ཡོད། ཚོགས་འདུ་དང་ཟབ་སྦྱོང་ཉིན་གསུམ་ནང་སོ་སོས་གང་ཤེས་པ་དེ་དག་ས་གནས་སུ་ཕེབས་རྗེས་བེད་སྤྱོད་གང་ལེགས་ཀྱི་ཕྱག་ལས་ཡག་པོ་ཡོང་བ་དང་། ཊི་བྷི་ནད་གཞི་དེ་ང་ཚོའི་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་བ་ཞིག་ལ་སོང་ཚང་མས་ཕྱར་གྲུ་མཉམ་འདེགས་ཡོང་བ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད། ད་ཐེངས་ཊི་བྷི་ནད་གཞིའི་ཚོགས་ཆེན་ཐེངས་གཉིས་པ་དང་སྦྲགས་ཟབ་སྦྱོང་ཉིན་གསུམ་རིང་འཚོགས་རྒྱུ་ཡིན་པ་མ་ཟད། ང་ཚོའི་སྤྱི་ཚོགས་ནང་ནད་གཞི་ཚབས་ཆེན་ཞིག་ཡིན་པར་བརྟེན་འགོག་བཅོས་ཀྱི་ཟབ་སྦྱོང་འདི་གནང་བ་ཞིག་ཡིན་འདུག།
རྒྱ་གར་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཊི་བྷི་ནད་གཞི་འགོག་ཐབས་ཐོག་ཟབ་སྦྱོང་དབུ་འཛུགས་གནང་བ།
གསར་གནས།
འབྲེལ་གནས།