༢༠༡༢ ཟླ་ ༣ ཚེས་ ༢༩ རེས་གཟའ་ཕུར་བུ།
༄༅། །རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༦ ཉིན་རྒྱ་ནག་གཞུང་གི་བོད་མིའི་ཐོག་བཟུང་བའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་སྤྱི་དང་ཡང་སྒོས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་རྒྱ་གར་ནང་ཚོང་དོན་གྱི་གྲོས་མོལ་སླད་འབྱོར་བཞིན་ཡོད་པར་ངོ་རྒོལ་ཆེད་རྒྱ་གར་རྒྱལ་ས་ལྡི་ལིའི་ཇན་ཏར་མན་ཏར་ས་གནས་སུ་རང་ལུས་མེར་སྲེག་བཏང་སྟེ་ཞི་རྒོལ་གནང་སྟབས་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་རཱམ་མན་ནོ་ཧར་ལོ་ཧའེ་ (Ram Manohar Lohia Hospital) སྨན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག་རྒྱལ་གཅེས་པ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་གཙོས་གཞིས་བྱེས་གཉིས་སུ་གནས་པའི་དཔའ་བོ་ཕོ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེའི་མྱ་ངན་རྗེས་དྲན་ཞུ་ཆེད་ཉིན་རྒྱབ་ཆུ་ཚོད་ ༤ པ་ནས་ལས་ཁུངས་ཁག་སྒོ་བརྒྱབ་སྟེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་བརྒྱ་ཚར་འབུལ་ཤོམ་དང་འབྲེལ། མཆོད་འབུལ་སྨོན་ལམ་གྱི་ཚོགས་མགོན་དུ་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་དགེ་བཙུན་སྔགས་གསུམ། དེ་བཞིན་མི་མང་དང་ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་ ༢༠༠༠ བརྒལ་བ་འདུ་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་མུར་རྣམ་གྲྭའི་དགེ་བསྐོས་ཀྱིས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང་ཡོད། དེ་ནས་བཀའ་ཁྲི་མཆོག་གིས་མཆོད་འབུལ་སྨོན་ལམ་དང་འབྲེལ་བའི་གསུང་བཤད་གནང་རྗེས་མུ་མཐུད་སྨོན་ལམ་གསུང་དོན་དང་། བོད་མིའི་སྒྲིག་འཛུགས་ཆོས་རིགས་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཕུལ་ཡོད། དེ་བཞིན་ཤེས་རབ་དགའ་ཚལ་སློབ་གླིང་གིས་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་རྡ་ས་མེ་གྷན་བར་མར་མེའི་ཁྲོམ་སྐོར་ཞིག་ཀྱང་གནང་ཡོད་པ་བཅས། །
གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་ཚོགས་པ།
གསར་གནས།
འབྲེལ་གནས།