༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༤ ཚེས་ ༥ ཉིན་སྔ་འགྱུར་མཐོ་སློབ་བཙུན་དགོན་ཤུག་གསེབ་ཨྱོན་རྫོང་གི་ཕྱི་ལོ་ ༢༠༢༤ ལོའི་ལོ་འཁོར་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ཨང་ཐོབ་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོའི་དམིགས་བསལ་སྐུ་མགྲོན་དུ་ཆོས་རིག་དྲུང་ཆེ་མཆོག་མགྲོན་འབོད་གནང་བ་བཞིན་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད།
མཛད་སྒོའི་སྐུ་མགྲོན་གཙོ་བོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། བོད་ཀྱི་བཙུན་མའི་ལས་འཆར་གྱི་དམིགས་བསལ་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་རྣམ་གཉིས་དང་། དམིགས་བསལ་སྐུ་མགྲོན་དུ་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། དེ་བཞིན་སྐུ་མགྲོན་གཞན་བོད་ཀྱི་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་སྣང་ས་ཆོས་སྒྲོན་ལགས་བཅས་གདན་འདྲེན་ཞུས་ཡོད།
དེ་ཡང་ཐོག་མར་བོད་ཀྱི་བཙུན་མའི་ལས་འཆར་གྱི་དམིགས་བསལ་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་ནས་བཤད་གྲྭ་ལོ་རིམ་དགུ་པ་དང་། བདུན་པ་གཉིས་ལ་ཨང་ཐོབ་ཕྱག་འཁྱེར་གནང་བ་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་བཤད་གྲྭ་ལོ་རིམ་བཞི་པ་དང་དང་པོ་གཉིས་ལ་ཨང་ཐོབ་ཕྱག་འཁྱེར་གནང་། ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ཀྱིས་གཞི་རིམ་བཞི་པ་དང་དང་པོ་གཉིས་ལ་ཨང་ཐོབ་ཕྱག་འཁྱེར་གནང་བ་དང་། བོད་ཀྱི་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་སྣང་ས་ཆོས་སྒྲོན་ལགས་ནས་སློབ་ཆུང་གོང་འོག་གཉིས་ལ་ཨང་ཐོབ་ཕྱག་འཁྱེར་དང་རྩ་བ་བློ་འཛིན་རྩེ་ཕུད་རྣམས་ལ་བྱ་དགའ་ཕུལ་ཏེ་འཛིན་སྐྱོང་དང་འབྲེལ་བའི་ཐོག་ལམ་སྟོན་གསུང་བཤད་གནང་ཡོད།
དེ་ནས་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ནས་བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་གནང་ཕྱོགས་སྐོར་ལ་ལམ་སྟོན་གསུང་བཤད་གནང་ཡོད། དེ་བཞིན་དཔལ་ལྡན་བོད་མི་མང་སྤྱི་མཐུན་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ཤེས་ཡོན་དང་འབྲེལ་བའི་ཐོག་ལ་གསུང་བཤད་གནང་ཞིང་། བོད་ཀྱི་བཙུན་མའི་ལས་འཆར་གྱི་དམིགས་བསལ་སློབ་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་ནས་འཕྲོད་བསྟེན་དང་སྤྱོད་ལམ་སྐོར་ལ་ལམ་སྟོན་གསུང་བཤད་གནང་ཡོད་བ་བཅས།།