༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༢༢ ཉིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་བུད་མེད་ཚོགས་འདུ་དབུ་འབྱེད་གནང་བ་དང་། ཚོགས་འདུའི་ཐོག་མཁས་དབང་དང་། ཁྱད་ལས་པ། ཁྲིམས་རྩོད་པ་བཅས་ལྷན་འཛོམས་ཐོག་བུད་མེད་ཀྱི་བདེ་འཇགས་དང་། ནུས་པ་སོར་ཆུད། ཁོར་ཡུག དྲྭ་ཐོག་ཉེན་སྲུང་། བཅོས་མའི་རིག་རྩལ། ངོ་བོ། སྨྲ་བརྗོད་བཅས་ཀྱི་སྐོར་ལ་གྲོས་བསྡུར་གནང་ཡོད། ཉིན་གཉིས་ཀྱི་ཚོགས་འདུ་དེ་བཞིན་འཕགས་བོད་འབྲེལ་མཐུད་ལས་ཁུངས་དང་། ཧིན་བོད་མཛའ་འབྲེལ་ཚོགས་པ། གཞོན་སྐྱེས་ལྟེ་གནས་སྡེ་ཚན། སྤྱི་ཚོགས་ཞིབ་འཇུག་ལྟེ་གནས་ཁང་། སྤྱི་ཚོགས་ཡར་རྒྱས་དང་རྐྱེན་ངན་འཛིན་སྐྱོང་བཅས་མཉམ་སྦྲེལ་གྱི་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད།
དེ་ཡང་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་དུ་གཞུང་ཚབ་ཟུར་པ་སྐུ་ཞབས་དྷི་ལིཔ་སིན་ཧ་ (Dilip Sinha) ལགས་དང་། ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས། ནེཧ་རུ་གཙུག་ལག་སློབ་གཉེར་ཁང་གི་རྒྱལ་སྤྱིའི་ཆབ་སྲིད་ལྟེ་གནས་ཁང་གི་འབུམ་རམས་པ་ཡེ་ཤེས་ཆོས་སྒྲོན་ལགས། ཤིབ་ན་དྷར་ (Shiv Nadar University) གཙུག་ལག་སློབ་ཁང་གི་རྒྱལ་སྤྱིའི་འབྲེལ་ལམ་གྱི་སློབ་དཔོན་ཀ་ཝེ་རི་གིལ་ལགས། ཧིན་བོད་མཛའའབྲེལ་ཚོགས་པའི་གཙོ་སྐྱོང་བ་ཇོཊ་སི་ན་རོའི་ལགས་བཅས་ཕེབས་ཡོད།
སྐབས་དེར་སྐུ་མགྲོན་རྣམས་ནས་གཅིག་མཚུངས་ཐོག་བོད་ཀྱི་ཆབ་སྲིད་རྒྱལ་རབས་དང་འགྲོ་བ་མིའི་ཐོབ་ཐང་གི་གལ་གནད་སྐོར་གསུངས་པ་དང་འབྲེལ། རྒྱ་གར་གྱི་ཉེན་སྲུང་དང་། ས་ཁུལ་བདེ་འཇགས། རྒྱལ་སྤྱིའི་འབྲེལ་ལམ་བཅས་ལ་བོད་ཀྱི་ཤུགས་རྐྱེན་གལ་ཆེན་ཡིན་པ་དང་། བོད་དོན་ཐོག་རྒྱབ་སྐྱོར་དང་འབྲེལ་ལམ་སྲ་བརྟན་གཏོང་དགོས་སྐོར་གསུངས།
སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་ཀྱིས་བོད་ཀྱི་གནད་དོན་དེ་ལྷོ་ཤར་ཨེ་ཤི་ཡའི་ཉེན་སྲུང་དང་བདེ་འཇགས་ལ་འབྲེལ་བ་ཆེན་པོ་ཡོད་ཅེས་གསལ་སྟོན་གནང་རྗེས་འབུམ་རམས་པ་ཡེ་ཤེས་ཆོས་སྒྲོན་ལགས་ཀྱིས་ཕྱི་ལོ་ ༡༩༥༠ ལོའི་ཆབ་མདོའི་དམག་འཁྲུག་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པའི་རྐྱེན་གྱིས་རང་བཙན་ཤོར་བ་རེད། འོན་ཀྱང་རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་ལོ་ ༡༩༥༩ ལོར་འདི་ནི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཙམ་དུ་བརྩིས་ཏེ་ཆབ་སྲིད་དང་རྒྱལ་ཁབ་ཀྱི་ཉེན་སྲུང་གི་གནད་དོན་ལ་དོ་སྣང་མ་བྱས་པ་རེད། ཅེས་འགྲེལ་བརྗོད་གནང་ཡོད། དེ་བཞིན་རྒྱ་ནག་གིས་བོད་ཀྱི་ས་ཁུལ་དུ་བྱེད་བཞིན་པའི་འཛུགས་བསྐྲུན་གྱི་ལས་གཞི་རྣམས་ས་ཁུལ་གྱི་བདེ་འཇགས་དང་། ཁོར་ཡུག ཆུ་ཡི་ཐོན་ཁུངས་བཅས་ལ་ཉེན་ཚབས་ཆེན་པོ་བཟོ་བཞིན་ཡོད་ཅེས་གསུངས།
དེ་མཚུངས་སྐུ་ཞབས་དྷི་ལིབ་སིན་ཧ་ལགས་ཀྱིས་རྒྱ་ནག་གིས་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་ཡིན་ཞེས་པ་ནི་བདེན་པ་མིན་པ་དང་ལོག་འགྲེལ་ཡིན་ཞེས་ནན་བརྗོད་གནང་བ་དང་། རྒྱ་ནག་རང་གིས་ཀྱང་རང་གི་ཆབ་སྲིད་ཀྱི་ལོ་རྒྱུས་ལ་ཡིད་ཆེས་བྱེད་ཐུབ་ཀྱི་མེད། ཅེས་གསུངས་ཡོད། ཁོང་གིས་འདི་ནི་བོད་ཐོག་དངོས་ཡོད་གནས་ཚུལ་མ་ཤེས་པ་དང་ཁྱད་མེད་ཀྱི་སྲིད་བྱུས་དབར་གྱི་འཐབ་རྩོད་ཅིག་ཡིན་པ་དང་། རྒྱ་གར་གྱིས་རྒྱལ་སྤྱིའི་ཆ་རྐྱེན་འོག་བོད་དོན་ཆེད་དུ་ངེས་པར་དུ་འགན་འཁུར་བཞེས་དགོས་པ་སྐུལ་མ་གནང་ཡོད། དེ་བཞིན་བོད་དོན་ཆེད་དུ་བུད་མེད་རྣམས་ཀྱི་བྱས་རྗེས་ཆེན་པོ་ཡོད་པ་ངོས་འཛིན་གྱིས་བོད་ནི་རྒྱ་གར་དང་ལྷན་དུ་ས་མཚམས་སྤྱི་ལེ་ ༤༠༠༠ ཡོད་ཅེས་གསུངས་ཡོད།
ཕྱི་ཟླ་ ༠༣ ཚེས་ ༢༣ ཉིན་ཚོགས་ཐེངས་བཞི་པ་མུ་མཐུད་བསྐྱངས་རྗེས་མཇུག་བསྡོམས་མཛད་སྒོར་ཚོགས་ཡོད། སྐབས་དེར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨ་ནན་ཀུ་མར་ལགས་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་རྒྱལ་ཡོངས་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁི་རི་མེད་ལགས། ཁྲིམས་རྩོད་སུས་མི་ཏཱ་ཧ་ཛ་རི་ཀ་ལགས། ཚོགས་འདུའི་གཙོ་སྐྱོང་བ་ཇོཊ་སི་ན་རོའི་ལགས། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་བཀྲ་ཤིས་བདེ་སྐྱིད་ལགས་བཅས་ཆེད་ཕེབས་གནང་ཡོད། ཚོགས་འདུའི་གསུང་བཤད་པ་རྣམས་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ནི་བཟང་སྤྱོད་དང་། ཐབས་བྱུས། སེམས་ཁུར་གྱི་སྒོ་ནས་གལ་གནད་ཡིན་པ་ནན་བརྗོད་གནང་ཡོད།
དེ་བཞིན་རིན་ཆེན་མཁའ་འགྲོ་ཁི་རི་མེད་ལགས་ཀྱིས་བོད་དོན་འཐབ་རྩོད་རྒྱུན་གནས་དགོས་པའི་གལ་གནད་སྐོར་དང་། རྒྱལ་སྤྱིའི་ཐོག་བོད་དོན་ངོ་སྤྲོད་དགོས་པའི་གལ་གནད་སྐོར་གསལ་བཤད་གནང་བ་མ་ཟད། བོད་རིགས་ཚོས་འཛམ་གླིང་ནས་བོད་དོན་འཐབ་རྩོད་དེ་དྲང་བདེན་ཡིན་པའི་ཡིད་ཆེས་བསྐྲུན་དགོས། ༸གོང་ས་མཆོག་དང་བོད་རིགས་ཚོ་རྒྱ་གར་དུ་བཙན་བྱོལ་བ་མ་ཡིན་པར་སྐུ་མགྲོན་ཡིན། གནད་དོན་འདི་ནི་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་ནེཧ་རུ་མཆོག་དང་། ལྕམ་ཨིན་དིར་གྷན་དྷི་མཆོག སྐུ་ཞབས་ཅཱ་རན་སིང་མཆོག སྐུ་ཞབས་ཅན་དྲ་ཤེ་ཁར་མཆོག སྐུ་ཞབས་ཨཏཱལ་བི་ཧཱ་རི་བཱ་ཇ་པེ་ཡི་མཆོག སྐུ་ཞབས་མན་མོ་ཧན་སིང་མཆོག་སོགས་ཀྱིས་བདེན་དཔང་བྱས་ཡོད། ཅེས་དང་། ཁོང་གིས་དེ་བཞིན་བོད་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པ་ནས་བཟུང་རྒྱ་གར་གྱི་དམག་ཟོག་འགྲོ་སོང་གཏོང་རྒྱུ་དེ་ཧ་ཅང་མང་དུ་ཕྱིན་ཡོད་པ་གསལ་བཤད་གནང་ཡོད།
གཞན་ཡང་ཇོཊ་སི་ན་རོའེ་ལགས་ཀྱིས་ཚོགས་ཆེན་འདི་གཏན་འཁེལ་བྱས་པ་ནི་རྒྱལ་ཡོངས་ཧིན་བོད་མཛའ་འབྲེལ་ཚོགས་པ་ཐེངས་དགུ་པ་རཱཇ་གྷིར་དུ་ཚོགས་སྐབས་གཏན་ཁེལ་བྱུང་བ་ཞིག་ཡིན་པ་གསལ་བཤད་གནང་རྗེས་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་བཀྲ་ཤིས་བདེ་སྐྱིད་ལགས་ཀྱིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ལ་ནན་བརྗོད་བྱས་ཏེ་བོད་དོན་རྒྱབ་སྐྱོར་བ་ཚོར་མུ་མཐུད་ནས་འབད་བརྩོན་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད།
ཧིན་བོད་མཛའ་འབྲེལ་ཚོགས་པའི་བུད་མེད་ཚོགས་ཆེན་འདིས་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བུད་མེད་ཚོའི་མྱོང་བཞིན་པའི་གནད་དོན་གལ་ཆེན་པོ་ཁག་གསལ་སྟོན་ཐུབ་པ་བྱུང་བ་དང་ཆབས་ཅིག བོད་ཀྱི་གནད་དོན་འདི་ནི་རྒྱ་གར་དང་འཛམ་གླིང་ཁྱོན་ལ་ཆབ་སྲིད་ཀྱི་རྒྱབ་གནོན་དང་། རྒྱལ་རབས་ཀྱི་ཁས་ལེན། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཆ་ནས་ཧ་ཅང་གལ་ཆེན་པོ་ཡིན་པ་གསལ་བཤད་གནང་ཡོད།
ཚོགས་ཆེན་འདིས་བོད་ཀྱི་ཆོས་རིག་མི་ཉམས་རྒྱུན་འཛིན་བྱ་རྒྱུ་དང་། རྒྱ་ནག་གི་བཙན་གནོན་ལ་ངོ་རྒོལ་བྱ་རྒྱུ། བོད་ཀྱི་བུད་མེད་དང་བྱིས་པ་ཚོའི་འཕྲོད་བསྟེན་དང་ཚེ་ཐང་ལེགས་སུ་གཏོང་རྒྱུ་བཅས་ཀྱི་ཐོག་ལ་འབོད་སྐུལ་ཤུགས་ཆེ་བྱས་ཡོད། ཚོགས་ཆེན་གྱི་གྲོས་ཆོད་ཁག་གིས་རྒྱ་གར་གཞུང་ལ་བོད་མིའི་སྒྲིག་འཛུགས་ངོས་འཛིན་དང་། རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་སྤེལ་རྒྱུ་བཅས་ཀྱི་འབོད་སྐུལ་ཞུས་ཡོད། དེ་བཞིན་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གནས་མཇལ་རང་དབང་མེད་པ་རྣམས་སླར་གསོ་དགོས་པའི་དགོས་འདུན་བཏོན་ཡོད་པ་བཅས།།