༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༣ ཚེས་ ༢༠ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༥༨ པའི་ཐོག་ཡུ་རོབ་རྒྱལ་ཁབ་ ༢༨ ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་སེམས་འཚབ་ཡོད་པའི་མཉམ་སྦྲེལ་བསྒྲགས་གཏམ་ཞིག་སྤེལ་ཡོད། བསྒྲགས་གཏམ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་པོ་ལེནྜ་གྱི་སྐུ་ཚབ་སྐུ་ཞབས་མི་རོ་སོ་ལོ་སྦུ་ཡི་ལོ་མཆོག་གིས་སྒྲོགས་སྦྱང་གནང་ཡོད། མཉམ་སྦྲེལ་བསྒྲགས་གཏམ་འདི་བཞིན་ཡུ་རོབ་རྒྱལ་ཁབ་ ༢༨ ཀྱིས་སྤེལ་ཡོད་ཅིང་། དེ་དག་ནི་ཨོསྟྲེ་ཡཱ་དང་། བེལ་ཇི་ཡམ། བལ་གཱ་རི་ཡཱ། ཀོ་རོ་ཤི་ཡཱ། སཱཡ་པྲས། ཅེག་སྤྱི་མཐུན་རྒྱལ་ཁབ། ཌེན་མཱརྐ། ཨེསྚོ་ནི་ཡཱ། ཕིན་ལེནྜ། ཕ་རཱན་སི། ཇར་མ་ནཱི། གྷི་རཱིས། ཨཱ་ཡར་ལེནྜ། ཨི་ཊ་ལཱི། ལཱཊ་ཝི་ཡ། ལིག་ཊེན་ཚིན། ལི་ཐུ་ནི་ཡ། ལག་སམ་བྷག མལ་ཊཱ། མོན་ཊེ་ནེག་རོ། ནི་དར་ལེནྜ། པོ་ལེནྜ། པོར་ཅུ་གྷལ། རོ་མེ་ནི་ཡ། སོ་ལོ་ཝ་ཀི་ཡ། སོ་ལོ་ཝེ་ནི་ཡ། སི་པེན། སྭི་ཌན་བཅས་ཡིན།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འཇགས་པོ་ལེནྜ་གྱི་སྐུ་ཚབ་སྐུ་ཞབས་མི་རོ་སོ་ལོ་སྦུ་ཡི་ལོ་མཆོག་གིས་ང་ཚོས་རྒྱ་ནག་གི་གནས་སྟངས་དང་བྱེ་བྲག་ཏུ་བོད་དང་ཤར་ཏུར་ཀི་སི་ཐན་ནང་གི་གནས་སྟངས་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་། ཁྲིམས་རྩོད་པ། གསར་འགོད་པ་བཅས་ཀྱི་ཐོག་དམ་དྲག་བྱས་པའི་བྱ་སྤྱོད་ལ་ཐུགས་འཚབ་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་ནས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་རྣམས་མཚམས་འཇོག་དགོས་ཞེས་གསུངས་ཡོད།
ཡུ་རོབ་རྒྱལ་ཁབ་ ༢༨ ཐུན་མོང་ནས་སྤེལ་བའི་བསྒྲགས་གཏམ་དེའི་ནང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཛ་དྲག་པོ་ཡིན་པའི་སྐོར་སེམས་འཚབ་ཡོད་པ་བསྐྱར་ནན་བྱས་ཡོད་པ་དང་། རྒྱ་ནག་གཞུང་ལ་རྒྱ་ནག་རང་གི་རྩ་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་བརྩི་སྲུང་གིས་ཁྲིམས་ཀྱི་དབང་སྒྱུར་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་དང་། སྲུང་སྐྱོབ་དགོས་པའི་རེ་སྐུལ་གནང་ཡོད།
ལྷག་པར་དུ་བོད་ནང་གི་གནས་སྟངས་ལ་དམིགས་བསལ་སེམས་འཚབ་བྱེད་པའི་ཐོག་ནས། རྒྱལ་ཁབ་དེ་དག་གིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་བཞིན་མུ་མཐུད་ཛ་དྲག་འོག་གནས་ཡོད་སྐོར་གསུང་ཞིང་། དེའི་རྟགས་མཚན་ནི་བཙན་དབང་གིས་བཅའ་སྡོད་སློབ་གྲའི་ནང་སློབ་འཇུག་དང་། ཆུ་མཛོད་གསར་རྒྱག་གྱི་ལས་གཞིར་ཞི་རྒོལ་གནང་བར་དམ་དྲག་བྱེད་པ་དེ་ཚོ་ཡིན། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་ཁྲིད་བྱེད་པའི་བོད་ཀྱི་སློབ་གྲྭ་རྣམས་སྒོ་བརྒྱབ་ཡོད་པ་དང་། རྒྱ་ནག་གི་དབང་འཛིན་པས་སློབ་ཕྲུག་ཚང་མ་གཞུང་གི་སློབ་གྲྭར་བསྐྱོད་དགོས་པ་མ་ཟད། དེར་བོད་སྐད་ནི་ཟུར་དུ་སློབ་ཚན་གཅིག་ཙམ་དུ་སློབ་ཁྲིད་བྱེད་པའི་བཙན་བཀའ་བཏང་ཡོད་པའི་གནས་ཚུལ་ལ་ང་ཚོ་ཧ་ཅང་སེམས་འཚབ་ཡོད། ཅེས་གསལ་ཡོད།
དེ་མཚུངས་རྒྱལ་ཁབ་དེ་ཚོས་བྱ་བྲལ་རིན་པོ་ཆེ་དང་། སྒོ་ཤེས་རབ་རྒྱ་མཚོ། མགོ་ལོག་དཔལ་ལྡན། སེམས་སྐྱིད་སྒྲོལ་མ། བཀྲ་ཤིས་རྡོ་རྗེ་གཙོས་པའི་བོད་དང་། ཡུ་གུར། རྒྱ་རིགས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་རྣམས་འཕྲལ་དུ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཀློད་གྲོལ་གཏང་དགོས་པའི་འབོད་སྐུལ་ཡང་གནང་ཡོད། རྒྱལ་ཁབ་དེ་ཚོས་རྒྱ་ནག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་དང་དམིགས་བསལ་ཆེད་མཁས་པ་རྣམ་པ་བཀག་འགོག་མེད་པའི་ཐོག་ནས་བོད་ནང་བསྐྱོད་ཐུབ་རྒྱུར་ཆོག་མཆན་སྤྲོད་དགོས་པའི་རེ་སྐུལ་ཡང་ཞུས་ཡོད།
དེ་བཞིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་། ཕིན་ལེནྜ། ཇར་མ་ནི། ཉི་འོང་། ལི་ཐུ་ནི་ཡ། ནི་དར་ལེནྜ། སུད་སི་བཅས་སོ་སོ་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཡོངས་བགྲོ་གླེང་སྐབས་ཇེ་ཞན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པའི་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སེམས་འཚབ་གནང་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱོད་ལགས་ཀྱིས་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུའི་སྟེང་ཡུ་རོབ་རྒྱལ་ཁབ་ ༢༨ ཀྱིས་མཉམ་སྦྲེལ་བསྒྲགས་གཏམ་དང་། རྒྱལ་ཁབ་སོ་སོའི་སྒེར་གྱི་བསྒྲགས་གཏམ་ལ་དགའ་བསུ་ཞུས་ཡོད་པ་མ་ཟད། བོད་ལ་རྒྱབ་སྐྱོར་གཡོ་མེད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ང་ཚོས་ཡུ་རོབ་རྒྱལ་ཁབ་ ༢༨ ལ་ཁོང་ཚོའི་མཉམ་སྦྲེལ་གྱི་བསྒྲགས་གཏམ་དང་། བོད་ནང་གི་ཛ་དྲག་གནས་སྟངས་གསལ་འདོན་གནང་བའི་རྒྱལ་ཁབ་གཞན་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོས་རྒྱ་ནག་གཞུང་ལ་རྒྱལ་ཁབ་འདི་ཚོའི་འབོད་སྐུལ་ལ་ཉན་ནས་བོད་མིར་དམ་བསྒྲགས་བྱེད་བཞིན་པ་རྣམས་མཚམས་འཇོག་དགོས་པ་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚང་མ་ཆ་རྐྱེན་གང་ཡང་མེད་པར་ཀློད་གྲོལ་དགོས་པའི་རེ་འདུན་ཞུ་རྒྱུ་ཡིན། རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེས་མཐོའི་སྐུ་ཚབ་དང་དམིགས་བསལ་ཆེད་མཁས་པ་རྣམ་པ་བོད་ནང་རང་དབང་ཐོག་ནས་ཐུགས་ཞིབ་བྱེད་ཆོག་པའི་ཆོག་མཆན་སྤྲོད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་གསུངས་ཡོད་པ་བཅས།།