

དེ་ཡང་སྔ་དྲོ་དཔལ་འབྱོར་བཀའ་བློན་མཆོག་གི་སྔོན་རྩིས་གསུང་བཤད་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་བཅས་སྙན་སྒྲོན་ཟིན་པའི་ཐོག་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་ཞིང་། སྐབས་དེར་སྤྱི་འཐུས་རྣམ་པས་བོད་ནས་རྗེས་སུ་འབྱོར་བ་རྣམས་ཀྱི་སྡོད་ཁང་གསར་རྒྱག་གི་ལས་གཞི་དང་། རང་ཁ་རང་གསོའི་གལ་གནད། ཨ་རིའི་རོགས་ཚོགས་བཀག་བསྐྱིལ་གྱི་གནས་སྟངས། བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་གྱི་གནས་བབ། ཨ་རི་མི་ཎ་སོ་ཊའི་བོད་ཀྱི་གྲོང་བརྡལ་ལས་གཞིའི་བུན་གཡར་སྐོར། དེ་བཞིན་སྔོན་རྩིས་དང་འབྲེལ་བའི་ཐོག་དགོངས་ཚུལ་དང་། དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་དང་། དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གསལ་བཤད་དང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་དང་འབྲེལ་བའི་ཐོག་དོགས་འདྲི་ཕུལ་བ་ཁག་ལ་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་ལན་འདེབས་གསལ་བཤད་གནང་སོང་།

དེ་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་བགྲོ་གླེང་དང་། གཏན་འབེབས་གནང་འགོ་བཙུགས་པ་དང་། དེ་ཡང་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ངེས་ཅན་འགྲོ་གྲོན་དང་། རྒྱུན་གྲོན། དམིགས་བསལ། ཟུར་བཀོལ་སྔོན་རྩིས་བཅས་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ངེས་ཅན་འགྲོ་གྲོན་དང་། རྒྱུན་གྲོན། དམིགས་བསལ། ཟུར་བཀོལ་སྔོན་རྩིས། དེ་བཞིན་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན་དང་། དམིགས་བསལ་འགྲོ་གྲོན། ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན་དང་། དམིགས་བསལ་འགྲོ་གྲོན། ལ་དྭགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན། དམིགས་བསལ་འགྲོ་གྲོན། སྐོར་སྐྱོད་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན། ས་གནས་འཐུས་མི་ཚོགས་འདུ་ཁག་ ༣༧ གྱི་རྒྱུན་གྲོན་དང་། དམིགས་བསལ་འགྲོ་གྲོན། བཀའ་དྲུང་ཡིག་ཚང་གི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀོལ་སྔོན་རྩིས་བཅས་སྙན་སྒྲོན་གནང་རྗེས། གྲོས་ཚོགས་ནས་སྤྱི་མོས་ཐོག་གཏན་འབེབས་གནང་སོང་།

གཞན་ཡང་དེ་ཉིན་ནུབ་བྷེང་གྷལ་མངའ་སྡེའི་ལས་བྱེད་ཟུར་པ་དང་། ས་ལུ་གྷ་རཱ་ཧི་མ་ལ་ཡའི་ནང་པའི་རིག་གཞུང་ཚོགས་པའི་ཚོགས་མི་ཚེ་རིང་ལྷ་མོ་ལགས་སོགས་གྲོས་ཚོགས་ཀྱི་ཟུར་ཉན་དུ་ཕེབས་ཡོད་པ་བཅས། །