༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༡༥ རེས་གཟའ་སྤེན་པའི་ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་གུ་ཡངས་ཆབ་སྲིད་ཚོགས་པའི་དབུ་ཁྲིད་སྐུ་ཞབས་མཱརྐ་ཀཱར་ནི་ (Mark Carney) མཆོག་ཁེ་ན་ཌའི་སྲིད་བློན་དུ་བདམས་ཐོན་བྱུང་བར་དགའ་བསུའི་འཚམས་འདྲི་སྩལ་ཡོད་པ་རེད།
དེ་ཡང་འཚམས་འདྲིའི་གསུང་འཕྲིན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདས་པའི་ལོ་ཡུན་ནང་མགོན་པོ་གང་ཉིད་མཆོག་ཁེ་ན་ཌར་ཆིབས་བསྒྱུར་མཛད་པའི་སྐབས་ཡུལ་དེའི་མི་མང་ནས་དགའ་གུས་དང་། མཛའ་བརྩེའི་རྣམ་འགྱུར་ཤུགས་ཆེ་བསྟན་པར་ཐུགས་དགྱེས་ཚོར་དང་སྦྲགས། ཁེ་ན་ཌའི་གཞུང་མང་གཉིས་ནས་ད་བར་བོད་མིའི་ཐོག་མཐུན་འགྱུར་རྒྱབ་སྐྱོར་གནང་དང་གནང་མུས་ལ་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་ཡོད།
གཞན་ཡང་གསུང་འཕྲིན་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁེ་ན་ཌའི་སྲིད་བློན་མཆོག་ནས་ཁྱབ་ཁོངས་མི་མང་གི་མངོན་འདོད་བསྒྲུབ་རྒྱུ་དང་། འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་ཞབས་འདེགས་བསྒྲུབ་ཐུབ་པའི་ཐུགས་སྨོན་མཛད་ཡོད་པ་བཅས།།