༄༅། །ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཇིག་རྟེན་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་ནས། དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་ལ་ཆིབས་བསྒྱུར་གནང་མཁན་དཔལ་ལྡན་སྲིད་སྐྱོང་མཆོག་དང་། དཔལ་ལྡན་བཀའ་བློན་རྣམ་པ། དཔལ་ལྡན་ཚོགས་གཙོ་གཞོན་པ་མཆོག་དང་། བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན།
དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་དེ་སྔོན་རྩིས་ཀྱི་གྲོས་ཚོགས་ཆགས་ཀྱི་ཡོད་པར་བརྟེན་ལས་རིམ་དང་འབྲེལ་བའི་ཐོག་ནས་ཚིག་འགའ་ཤས་ཤིག་ཞུས་ན་བསམ་སོང་། རྩ་བའི་ཆབ་སྲིད་དང་འབྲེལ་བའི་ཐོག་ནས་ཉེ་ཆར་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པའི་སྐབས་སུ་བཀའ་ཤག་གི་གསུང་བཤད་རེད། དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ཡོངས་ཁྱབ་ང་ཚོས་སྤེལ་ཟིན་པ་རེད། དེ་འདྲ་ཡིན་དུས་ཆབ་སྲིད་ཀྱི་གནད་དོན་མང་པོ་ཞིག་གསུང་བཤད་ཁག་ནང་ལ་ཚུད་ཀྱི་ཡོད། དེ་དང་འབྲེལ་བའི་ཐོག་ནས་གསུམ་བཅུའི་དུས་དྲན་ཟེར་དུས་ང་ཚོ་བོད་མི་ཚང་མས་དུས་ནམ་ཡང་བརྗེད་ཐབས་མེད་པའི་དུས་དྲན་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། ཡིན་ནའང་། དེ་དང་མཉམ་དུ་ཡིད་སྐྱོ་བ་ཟེར་ནའང་མི་འདུག གནས་སྟངས་སྡུག་པ་ཟེར་ནའང་མི་འདུག གང་ལྟར་བོད་ནང་གི་བོད་མི་རྣམ་པ་ཆགས་བཞིན་ཡོད།
ཕྱི་ཟླ་ ༣ འགོ་བཙུགས་པ་དང་བོད་ནང་ལ་དམ་བསྒྲགས་བྱ་རྒྱུ་དེ་ཤུགས་ཆེ་རུ་བཏང་བ། དེ་བཞིན་ང་ཚོས་གོ་ཐོས་བྱས་པ་ཡིན་ན་བོད་ནང་དུ་མཐོ་སློབ་ཁག་གི་སློབ་ཕྲུག་དེ་ཚོ་གསུམ་བཅུའི་དུས་དྲན་གྱི་ཕྱི་ཟླ་ ༣ པའི་ནང་ཕྱི་ལོག་ཏུ་དགོངས་ཞུས་གནང་ནས་གང་བྱུང་ཕེབས་མི་ཆོག་པ། དེ་བཞིན་འདུ་འཛོམས་བྱ་རྒྱུ་དང་སོ་སོའི་བསམ་ཚུལ་བསྟན་རྒྱུའི་གོ་སྐབས་མེད་པ། དེ་ནས་ས་གནས་འགའ་ཤས་དང་དགོན་སྡེ་འགའ་ཤས་ནང་གསུམ་བཅུའི་དུས་དྲན་སྐབས་ཟླ་བ་ ༣ ཆ་ཚང་སློབ་གསོ་སྤེལ་རྒྱུའི་ལས་འགུལ་སྤེལ་བཞིན་པ་དེ་འདྲའི་གནས་སྟངས་བྱུང་བསྡད་འདུག ང་ཚོའི་ངོས་ནས་ཉིན་མོ་དེ་གལ་ཆེན་པོ་ཞིག་བརྩིས་ཀྱི་ཡོད། དེ་བཞིན་རྒྱ་ནག་གི་ཕྱོགས་ནས་ཡིན་ནའང་བོད་ནང་དམ་བསྒྲགས་ཤུགས་ཆེ་རུ་གཏོང་བཞིན་ཡོད། དེ་འདྲ་ཡིན་དུས་རྒྱ་ནག་གིས་དེ་འདྲ་བྱེད་བཞིན་པ་དེ་སོ་སོ་ལ་ངོ་གནོང་ཡོད་པའི་ཆ་ནས་དེ་འདྲ་བྱེད་ཀྱི་ཡོད་རེད་བསམ་གྱི་ཡོད།
རང་དབང་ཡོད་པ་ཡིན་ན་སྐབས་དེ་དུས་ཀྱི་བོད་མི་མང་ཚོགས་ཀྱི་བསམ་ཚུལ་དེ་ཉན་ཐུབ་ཚེ་གནས་ཚུལ་དེ་ཆ་ཚང་རྟོགས་ཀྱི་རེད། དེ་འདྲ་མ་ཡིན་པར་དྲག་གནོན་རང་གི་ཐོག་ནས་དེ་འདྲ་མུ་མཐུད་ནས་བྱས་བསྡད་ན་ག་ཚོད་བར་དུ་འཁྱོལ་གྱི་རེད། ག་ཚོད་བར་དུ་གནས་ཀྱི་རེད་ཟེར་བ་དེ་དྲི་བ་ཞིག་ཆགས་ཀྱི་འདུག དེ་བཞིན་གསུམ་བཅུའི་དུས་དྲན་གྱི་ཉི་མ་རྗེས་མ་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་མི་མཉམ་དུ་ལོ་ངོ་ ༧༠ ལྷག་རིང་གི་འཐབ་རྩོད་དང་འབྲེལ་བའི་ཐོག་ནས་ཕྱག་དེབ་གསར་པ་ཞིག་དབུ་འབྱེད་གནང་ཡོད། ཨིན་ཇིའི་སྐད་ཡིག་ནང་ << VOICE FOR THE VOICELESS>> ཞེས་ཞུ་བ་དེ་རེད། དེའི་ཐོག་ནས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ནས་དོ་སྣང་ཞེ་པོ་ཞིག་བྱུང་སོང་། དེའི་ནང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཕེབས་ཕྱོགས་དང་འབྲེལ་བའི་ཐོག་ནས་གནས་ཚུལ་མང་པོ་ཞིག་ཐོན་སོང་།
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུམ་བཅུའི་དུས་དྲན་གྱི་གསུང་བཤད་ནང་དུ་ཡང་སྲིད་སྐོར་དེ་ཁ་གསལ་པོ་བྱས་ནས་བཀོད་ཡོད། དེ་ཡིན་དུས་རྒྱལ་སྤྱིའི་སྤྱི་ཚོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་རེད། བོད་ཀྱི་གནད་དོན་དང་འབྲེལ་བའི་ཐོག་ནས་དོ་སྣང་ཤུགས་ཆེ་རུ་འགྲོ་བ་དང་མཉམ་དུ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་ཀྱང་དེར་ལན་འདེབས་གནང་བ་དེ་འདྲའི་གནས་སྟངས་བྱུང་སོང་། དེར་བརྟེན་ང་ཚོས་སྤྱི་ཡོངས་ཀྱི་གནས་སྟངས་ལ་བལྟས་པ་ཡིན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཕེབས་རྒྱུ་དེ། དུས་རྒྱུན་དུ་ང་ཚོའི་ཆོས་ཕྱོགས་ནས་ནང་པ་དང་། དེའི་ནང་ནས་བོད་ཀྱི་ནང་པའི་འགྲོ་སྟངས་ཤིག་གི་ཐོག་ནས་འགྲོ་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། ལྷག་པར་ཡང་སྲིད་ཟེར་བ་དེ་སྐུ་གོང་མའི་མཛད་པ་འཕྲིན་ལས་མཐའ་སྐྱོང་གནང་མཁན་དེ་འདྲ་ཞིག་དགོས་རྒྱུའི་གནས་སྟངས་ཆགས་ཀྱི་ཡོད་དུས། ཆབ་སྲིད་ཀྱི་དགོས་མཁོ་དང་འབྲེལ་བའི་ཐོག་ནས་དེར་ལག་པ་རྐྱོང་སྡོད་པ་ཡིན་ན་རྒྱལ་སྤྱིའི་སྤྱི་ཚོགས་རེད། བོད་ནང་རེད། ལྷག་པར་རྒྱ་ནག་མི་དམངས་ཀྱིས་དེར་ཡིད་ཆེས་བྱེད་མི་ཐུབ་པའི་གནས་སྟངས་དེ་གསལ་པོ་ཆགས་བསྡད་ཡོད། དེ་འདྲ་ཡིན་དུས་དེའི་ཐོག་ནས་ང་ཚོས་བསྒྲུབ་དགོས་པའི་གནས་ཚུལ་འགའ་ཤས་ཤིག་ཆགས་ཀྱི་ཡོད།
ཕྱི་ལོ་ ༢༠༡༡ ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཐོག་ནས་ཡང་སྲིད་ཕེབས་ཕྱོགས་སྐོར་ལ་ཡོངས་ཁྱབ་ཡིག་ཆ་ཞིག་གསལ་བསྒྲགས་གནང་ཡོད། དེའི་ནང་དུ་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་ངོས་རང་༸རྒྱལ་བ་དགེ་འདུན་གྲུབ་པའི་སྐུ་ཚེའི་དུས་ཚོད་ཕེབས་པ་ཡིན་ན། དེ་ནས་ཡང་སྲིད་ཕེབས་དགོས་དང་མི་དགོས། ཡང་སྲིད་ངོས་འཛིན་བྱེད་ཕྱོགས་སྐོར་སོགས་ཡིག་འཇོག་གསལ་པོ་གནང་རྒྱུ་ཡིན། ཞེས་བཀའ་ཕེབས་ཡོད། ཉེ་ཆར་གྱི་ཕྱག་དེབ་དེའི་ནང་དུའང་ཡང་སྲིད་ཀྱི་སྐོར་ལ། དགུང་ལོ་ ༩༠ ཕེབས་པའི་མཚམས་ལ་ཡང་སྲིད་ཀྱི་ཐོག་ལ་ཁ་གསལ་པོ་བྱས་ནས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་གསལ་བསྒྲགས་གནང་རྒྱུའི་དགོངས་གཞི་ཞིག་འདུག དེ་འདྲའི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཀྱི་ཐོག་ལ་མྱུར་པོའི་ཐོག་ནས་ཁ་གསལ་པོ་དང་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུའང་ངོས་འཛིན་གསལ་པོ་ཡོང་ཐུབ་རྒྱུར་ང་ཚོའི་ཐབས་ལམ་དེ་ཡང་མྱུར་པོ་བྱེད་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག་ཅེས་དེ་རིང་གོ་སྐབས་འདི་བརྒྱུད་ནས་གསོལ་འདེབས་ཞུ་རྒྱུ་ཡིན།
ཉེ་ཆར་རྒྱ་ནག་གི་ཚོགས་འདུ་གཉིས་དེ་ཚར་ཙམ་རེད། རྒྱ་ནག་སྲིད་གྲོས་ཀྱི་ཚོགས་འདུ་དང་། རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་ཟེར་ནས་མི་ ༥༠༠༠ ཡས་མས་འཛོམས་ནས་ཚོགས་ཆེན་དེ་འཚོགས་ཀྱི་ཡོད། དེའི་ནང་ལའང་རྩ་བའི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་ཐོག་ནས་བལྟས་པ་ཡིན་ན། རྒྱ་ནག་ནང་གི་དཔལ་འབྱོར་གྱི་གནས་སྟངས་ཐོག་ལ་གདོང་ལེན་བྱེད་དགོས་པ་དེ་འདྲའི་གནད་དོན་མང་པོའི་ཐོག་ལ་གླེང་སློང་གནང་བཞིན་འདུག དེ་བཞིན་ང་ཚོའི་བོད་དོན་དང་འབྲེལ་བའི་ཐོག་ནས་བོད་རང་སྐྱོང་ལྗོངས་ཟེར་བ་དེ་འདྲ་ནས་སྐུ་ཚབ་ཕེབས་མཁན་རེད། བོད་དང་འབྲེལ་བའི་འགོ་ཁྲིད་ཁག་ཅིག་གིས་གསལ་བསྒྲགས་གནང་བ་དང་། གོ་ཚོད་བྱས་པ་ཡིན་ན་བོད་ནང་ལའང་བརྟན་བརླིང་དགོས་ཀྱི་ཡོད་པ། དེ་ནས་བོད་ཕྱི་ཕྱོགས་ནས་བོད་ནང་གི་གནས་སྟངས་དེ་ཚོ་འགྲེལ་བརྗོད་གནང་ཕྱོགས་དེ་ཚོ་དངོས་ཡོད་གནས་ཚུལ་མ་ཡིན་པར་བོད་ནང་ལོགས་ལ་ཡར་རྒྱས་ཡོད་པ། བདེ་སྐྱིད་ཡོད་པ་དེ་འདྲ་མུ་མཐུད་ནས་འགྲེལ་བཤད་རྒྱག་བཞིན་པའི་གནས་སྟངས་ཆགས་ཀྱི་འདུག དེ་ཡིན་དུས་དེ་འདྲའི་ཐོག་ནས་ངས་གོང་དུ་ཞུས་པ་ནང་བཞིན་རེད། གསུམ་བཅུའི་དུས་དྲན་དུས་ཚོད་ལ་རྒྱ་ནག་གིས་བོད་ནང་ལ་དམིགས་བསལ་དམ་བསྒྲགས་བྱེད་བཞིན་ཡོད། དེར་བརྟེན་བོད་ནང་གི་གཞིས་ལུས་མི་མང་གི་མངོན་འདོད་དང་ལྷག་བསམ། སེམས་ཤུགས་དེ་ཧ་ལས་པའི་ཤུགས་ཆེན་པོ་ཡོད་པའི་གནས་སྟངས་ཆགས་ཀྱི་ཡོད། ཡིན་ན་ཡང་རྒྱ་ནག་གཞུང་གི་བཀོད་བྱུས་འོག་ལ་འགྲོ་དགོས་མཁན་གྱི་རིགས་ཤིག་གིས་དེ་འདྲ་བཤད་བསྡད་ཀྱི་ཡོད་རེད། དོན་དུ་དངོས་ཡོད་གནས་ཚུལ་ལ་དེ་འདྲ་རེད་དམ་ཟེར་ན། དེ་འདྲ་མ་རེད་ཟེར་ནས་ང་ཚོས་ལན་རྒྱག་ཐུབ་པའི་སྤོབས་པ་དང་། གདེང་ཚོད་ང་ཚོ་ལ་ཡོད་པའི་གནས་སྟངས་ཆགས་ཀྱི་འདུག དེ་འདྲའི་ཐོག་ནས་ང་ཚོ་བཙན་བྱོལ་ལ་གྱར་ནས་ལོ་ངོ་ ༦༦ འགྲོ་ཡི་ཡོད། དུས་ཚོད་དེའི་རིང་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་རེད། ང་རང་ཚོའི་མི་རབས་རྒན་པ་དང་། ད་ལྟའི་མི་རབས། དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་རེད། ལྷག་པར་གནས་ཡུལ་རྒྱ་གར་གཞུང་གི་མཐུན་འགྱུར་དང་རྒྱབ་སྐྱོར་ལ་བརྟེན་ནས་ང་ཚོའི་བོད་ཀྱི་རྩ་དོན་འཐབ་རྩོད་རེད། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་དམིགས་བསལ་གྱིས་གསོན་པོར་གནས་ཐུབ་པར་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་བསླེབས་ཐུབ་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད། དེར་བརྟེན་ང་ཚོའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་ཡིན་ནའང་འདྲ། ང་ཚོའི་གནད་ཡོད་མི་སྣ་རྣམ་པ་ཚོས་དགོངས་པ་བཞེས་ཕྱོགས་དང་འགན་འཁུར་ཞུ་ཕྱོགས་ཡིན་ནའང་འདྲ། འདི་མུ་མཐུད་ནས་གནས་ཐུབ་པ་དང་ནུས་པ་ཆེ་རུ་ཡོང་ཐུབ་རྒྱུར་དགོངས་པ་བཞེས་དགོས་པ་དེ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་ཀྱི་འདུག
དེར་བརྟེན་ང་ཚོ་རྩ་དོན་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན་པའི་ཆ་ནས་རྩ་དོན་འཐབ་རྩོད་དེ་རྒྱལ་སྤྱིའི་སྤྱི་ཚོགས་ནང་ལ་ཡིན་ནའང་འདྲ། བོད་ནང་གི་གནས་སྟངས་ཡིན་ནའང་འདྲ། ང་ཚོའི་བཙན་བྱོལ་ནང་གི་གནས་སྟངས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་འཐབ་རྩོད་དེ་མུ་མཐུད་ནས་གནས་ཐུབ་རྒྱུ།
གཉིས་པ་དེ། ང་ཚོས་ཐབས་བྱུས་དང་ལྡན་པའི་ཐོག་ནས་འཐབ་རྩོད་བྱ་ཡུལ་དེ་ལ་ཤུགས་རྐྱེན་ཐེབས་ཐུབ་རྒྱུ། གསུམ་པ་དེ། ང་ཚོ་འཐབ་རྩོད་རྩོད་མཁན་གྱི་ནང་ལོགས་ལ་བསམ་ཚུལ་མ་མཐུན་པ་ཡོང་བ་ཡིན་ནའང་། རྒྱུ་མཚན་དང་འབྲེལ་བའི་ཐོག་ནས་གོ་བསྡུར་བྱས་ནས། ནུས་པ་མཉམ་སྤུངས་ཡོང་ཐུབ་པ་བྱེད་དགོས་རྒྱུ་དེ་གལ་ཆེན་པོ་ཞེ་པོ་ཞིག་ཆགས་ཀྱི་འདུག དེ་ཡིན་དུས་དེ་ཡོང་གི་འདུག་མི་འདུག་ང་ཚོར་དྲི་བ་ཞིག་ཆགས་ཀྱི་འདུག དེ་ཡོང་བར་ཐབས་ཤེས་ག་རེ་གནང་དགོས་ཀྱི་འདུག དེ་དགོངས་པ་བཞེས་དགོས་པ་གལ་ཆེན་པོ་རེད་འདུག དེར་བརྟེན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་གསར་པ་དེའི་མཇུག་དེ་ལ་གསུང་ཞིག་འདུག ༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་༼དེང་གི་རྒྱ་ནག་དམར་ཤོག་གི་བཙན་འཛུལ་བའི་དུས་སྐབས་ནག་པོ་འདི་མཐའ་མེད་པ་ལྟར་སྣང་ཡང་། ང་ཚོའི་ལོ་རྒྱུས་རིང་མོའི་ནང་དུ་འདི་ནི་རྨི་ལམ་ངན་པ་ཐུང་ངུ་ཞིག་རེད། དེ་ག་ནང་བཞིན་སྤྲིན་པའི་རྒྱབ་ན་ཉི་མ་གསལ་བོ་ཞིག་གིས་བསྒུག་ཡོད་པ་ནམ་ཡང་མ་བརྗེད། རེ་བ་ནམ་ཡང་མ་དོར་ཞེས།༽ གང་ལྟར་དུས་ཚོད་དེ་འདྲའི་གནས་སྟངས་ཀྱི་ཐོག་ནས་ང་ཚོ་སེམས་ཤུགས་མ་ཆག་པའི་ཐོག་ནས་རྩ་དོན་འཐབ་རྩོད་ཀྱི་ཐོག་ལ་ཚང་མས་ནུས་པ་མཉམ་སྤུངས་བྱེད་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག་ཟེར་ནས་དེ་འདྲ་ཞིག་ཞུ་འདོད་བྱུང་།
དེ་རིང་ང་ཚོ་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་དང་འབྲེལ་བའི་ཐོག་ནས། ལས་རིམ་གྱི་ནང་དོན་གང་འདྲ་ཕེབས་ཀྱི་ཡོད་མེད་ཚིག་ཁ་ཤས་ཤིག་ཞུས་ན་བསམ་སོང་། ང་ཚོའི་ནམ་རྒྱུན་གྱི་འགྲོ་སྟངས་རེད། གྲོས་ཚོགས་ཀྱི་ཉི་མ་དང་པོ་དེ་ལ་ང་ཚོའི་གྲོས་ཚོགས་དང་འབྲེལ་བའི་ཐོག་རེད། བོད་མིའི་སྤྱི་ཚོགས་དང་འབྲེལ་བའི་ཐོག་ནས་ང་ཚོས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་རིགས་གཅིག་ནམ་རྒྱུན་བསྣམ་གྱི་ཡོད། དེ་རིང་གི་གྲོས་ཚོགས་འདི་ལ་ཡང་དེ་འདྲ་ཁག་ཅིག་བསྣམས་ཡོད།
དང་པོ་དེ་རྒྱ་གར་གྱི་སྲིད་བློན་ཟུར་པ་དམ་པ་སྐུ་ཞབས་མན་མོ་ཧན་སིངྒ་སྐུ་གཤེགས་པ་རེད། དེ་བཞིན་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇི་མྨི་ཀ་ཊར་སྐུ་གཤེགས་པ་རེད། ཁོང་རྣམ་གཉིས་ཡིན་ན་ཤེས་ཡོན་དང་། རྣམ་དཔྱོད་ཡོད་པ་ཙམ་མ་ཟད། བོད་དོན་ཐོག་ལ་ཡང་ཐུགས་སྣང་གནང་མཁན། ལྷག་པར་ང་ཚོའི་དུས་ཚོད་གནས་སྟངས་འདི་འདྲའི་སྐབས་སུ་ཨ་རི་དང་། རྒྱ་གར་གྱིས་ང་ཚོར་དཔལ་འབྱོར་ཐོག་མཐུན་འགྱུར་གནང་བཞིན་ཡོད། དེ་བཞིན་ཆབ་སྲིད་ཀྱི་ཐོག་ལའང་རྒྱབ་སྐྱོར་དང་། མཐུན་འགྱུར་གནང་བཞིན་པའི་རྒྱལ་ཁབ་གལ་ཆེ་ཤོས་དང་ང་ཚོར་ཉེ་ཤོས་འདྲ་པོ་གཉིས་ཆགས་ཀྱི་ཡོད། དེར་བརྟེན་སྲིད་བློན་ཟུར་པ་དང་སྲིད་འཛིན་ཟུར་པ་ཁོང་གཉིས་ལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་རེ་བསྣམས་ཡོད་ཅེས་ཞུ་རྒྱུ་ཡིན།
ང་ཚོའི་སྒྲིག་འཛུགས་དང་འབྲེལ་བའི་ཐོག་ནས་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་དང་སྤྱི་འཐུས་ཚོགས་གཞོན་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་དང་། ༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱ་ལོ་དོན་གྲུབ། བཀའ་བློན་ཟུར་པ་ཞེ་བོ་བློ་བཟང་དར་རྒྱས། སྤྱི་ཟུར་ཆོས་རྗེ་སྒ་ཨཿ དབྱངས་སྤྲུལ་སྐུ་རིན་པོ་ཆེ། སྤྱི་ཟུར་འཁོར་ཚ་བསོད་ནམས་དགྲ་འདུལ། སྤྱི་ཟུར་སྨན་པ་ཁྱུང་ལུང་ཐོགས་མེད། ཁོང་རྣམ་པ་ཉེ་ཆར་ཕྱི་ཟླ་དགུ་པའི་གྲོས་ཚོགས་རྗེས་སྐུ་གཤེགས་པའི་གནས་ཚུལ་བྱུང་བ་ལ་བརྟེན་ནས་ང་ཚོས་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་དེ་བསྣམས་ཡོད།
རྩ་བའི་ང་ཚོས་ཕྱིར་མིག་ཅིག་བལྟས་པ་ཡིན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གི་ཐུགས་རྗེའི་ཉི་ཟེར་དང་གྲོགས་ནས་ང་ཚོས་མྱ་ངན་གུས་འདུད་ཞུ་སའི་གནད་ཡོད་མི་སྣ་མང་པོ་ཞིག་གིས་ཕྱག་ལས་འགན་འཁུར་ཆེན་པོ་བཞེས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལའང་སྙོབ་ཐུབ་རྒྱུ། དེ་བཞིན་རྒྱ་ནག་ནང་ལོགས་ལ་ཡང་སྙོབ་ཐུབ་པ། བོད་མིའི་སྒྲིག་འཛུགས་དང་བོད་མི་མང་ཚོགས་ཡིན་ནའང་སེམས་ཤུགས་མ་ཆག་པར་རེ་བ་དང་ཡིད་ཆེས་བྱེད་རྒྱུ་ཡོད་པ། དེ་འདྲའི་གནས་སྟངས་ཆགས་ཀྱི་ཡོད། དེ་ཡིན་དུས་ང་རང་ཚོས་མྱ་ངན་གུས་འདུད་ཞུས་པ་ཙམ་མ་ཟད། ཁོང་རྣམ་པའི་མཛད་རྗེས་དེ་ཚོ་ང་ཚོས་སྤྱི་ཚོགས་ནང་དང་། སོ་སོའི་སེམས་ཁམས་ནང་ལོགས་ལ་མུ་མཐུད་ནས་གནས་ཐུབ་རྒྱུར་ཐབས་ལམ་དང་ས་བོན་བསྐྲུན་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་འདུག
དེ་ག་ནང་བཞིན་དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་མང་ཆེ་ཤོས་དེ་དཔལ་འབྱོར་གྱི་ལས་དོན་ཐོག་ལ་འགྲོ་ཡི་ཡོད་རེད། བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་ ༢༠༢༥་་་༢༠༢༦ ལས་ཁུངས་ཁག་གི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་བྱེད་དགོས་རྒྱུའི་ལས་རིམ་ཕེབས་ཀྱི་ཡོད་རེད། དེའི་འགྲོ་སྟངས་འདྲ་བྱས་པ་ཡིན་ན། དབུས་ལས་ཁུངས་ཁྱབ་ཁོངས་ཁག་གི་སོ་སོའི་ལོ་གཅིག་གི་འགྲོ་སོང་དང་འཆར་གཞི་གང་ཡོད་པ་དེ་དཔལ་འབྱོར་ལས་ཁུངས་ལ་ཡར་ཕུལ། དཔལ་འབྱོར་ལས་ཁུངས་ཀྱི་ཐོག་ནས་བཀའ་ཤག་ལྷན་ཚོགས་ལ་ཕུལ་ནས་བཀའ་ཤག་ལྷན་ཚོགས་ཀྱིས་རྒྱབ་གཉེར་གནང་གི་ཡོད་རེད། དེའི་རྗེས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་བསྐྱར་ཞིབ་གནང་། དེ་ནས་ང་ཚོའི་སྔོན་རྩིས་གྲོས་ཚོགས་ཟེར་ནས་དེ་རིང་འདིའི་ཐོག་ནས་ལས་ཁུངས་གོ་རིམ་བཞིན་དུ་སྔོན་རྩིས་གཏན་འབེབས་གནང་རྒྱུའི་གནས་སྟངས་ཆགས་བསྡད་ཡོད་རེད། དེ་ག་ནང་བཞིན་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་གི་རྩིས་ལོ་ ༢༠༢༥་་་༢༠༢༦ ལོའི་སྔོན་རྩིས་འགོད་འབུལ་གྱི་གསུང་བཤད་ཕེབས་ཀྱི་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་དེ་ཕེབས་ཀྱི་ཡོད་རེད། དེའི་ཐོག་ལ་སྔོན་རྩིས་སྤྱི་ཡོངས་ཀྱི་བགྲོ་གླེང་ཕེབས་རྒྱུའི་ལས་དོན་མུ་མཐུད་ཡོང་གི་ཡོད་རེད།
བར་སྐབས་ཚང་མས་མཁྱེན་གྱི་ཡོད་རེད། ཨ་རིའི་གཞུང་གསར་པ་ཕེབས་པ་དང་། དེའི་སྔོན་གྱི་ཨ་རིའི་གཞུང་དང་འབྲེལ་བའི་ཐོག་ནས་རོགས་དངུལ་གྱི་འགྲོ་སོང་ཁག་ལ་ཟླ་བ་གསུམ་གྱི་རིང་བཀག་བསྐྱིལ་བྱས་པའི་གནས་སྟངས་ཤིག་ཡོང་བསྒྲགས་བྱུང་བ་རེད་ལ། ལག་ལེན་ཡང་བསྟར་གྱི་ཡོད་རེད། དེ་ཡིན་དུས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་རེད། ལས་འཆར་རེད། དེ་ཚོ་ལ་ཤུགས་མ་ཐུབ་ཀྱིས་དོ་ཕོག་ཐེབས་བསྡད་པ། ཤུགས་རྐྱེན་ཐེབས་བསྡད་པ་དེ་གསལ་པོ་རེད། དེ་ཡིན་དུས་འཛིན་སྐྱོང་བཀའ་ཤག་རེད། ས་གནས་ལ་ཡོད་པའི་སྐུ་ཚབ་དོན་གཅོད་རེད། མུ་མཐུད་ནས་རོགས་དངུལ་ཡོང་ཐུབ་རྒྱུའི་ཐབས་ཤེས་གནང་གི་ཡོད་པ་ང་ཚོར་གོ་བསྡུར་བྱུང་། དེ་ཡིན་དུས་ཨ་རི་གཞུང་ལྟ་བུ་མཚོན་པ་ཡིན་ན། ཆབ་སྲིད་ཚོགས་པ་གཅིག་མ་ཡིན་པར། ཆབ་སྲིད་ཚོགས་པ་གཉིས་ཀའི་ཐོག་ནས་བོད་དོན་གྱི་ཐོག་ལ་རྒྱབ་སྐྱོར་ཡོད་བསྡད་པ་འདི་གསལ་པོ་ཆགས་བསྡད་ཡོད་རེད། དེ་ཡང་ཁྲིམས་ཀྱི་ཐོག་ནས་གཏན་འབེབས་གནང་ནས་བོད་དོན་གྱི་གནས་ཚུལ་འདི་ཨ་རི་གཞུང་གིས་གལ་ཆེན་པོ་བརྩིས་ཀྱི་ཡོད་རེད། དེའི་ཐོག་ནས་ཆབ་སྲིད་ཀྱི་འཐབ་རྩོད་ཙམ་མ་ཡིན་པར་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དེ་གལ་ཆེན་པོ་ཡིན་པ། དེ་གསོན་པོར་གནས་ཐུབ་དགོས་པ། དེ་ཚོའི་ཐོག་ལ་ཡང་འགྲོ་སོང་གཏོང་དགོས་པ། དེ་འདྲའི་གལ་ཆེན་པོ་ཞིག་བརྩིས་ཀྱི་ཡོད་རེད། ཡིན་ནའང་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ཀྱི་གནས་སྟངས་ནང་ལོགས་ལ་ང་ཚོ་ཚུད་འགྲོ་ཡི་ཡོད་རེད་པཱ། དེ་ཡིན་དུས་རིམ་པས་ཕྱོགས་ཡོངས་ཀྱི་བསྐྱར་ཞིབ་བྱས་པའི་རྗེས་སུ་ང་ཚོའི་རོགས་དངུལ་སྐོར་རེ་བ་བཟང་ས་ནས་བརྒྱབ་ཐུབ་པའི་གོ་སྐབས་ཡོང་རྒྱུ་དེ་རིང་འདི་ནས་འབོད་སྐུལ་དང་རེ་བ་ཞུ་རྒྱུ་ཡིན།
དེ་ག་ནང་བཞིན་ང་ཚོའི་གྲོས་ཚོགས་ལས་རིམ་གཅིག་ལ་ཁྲིམས་བཟོའི་ལས་དོན་ཁག་ཕེབས་ཡོང་གི་ཡོད་རེད། ཁྲིམས་བཟོའི་ལས་དོན་ཁག་ནང་ལོགས་ལ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཡིག་ཁག་གསུམ་བཀའ་འཁྲོལ་གཏན་འབེབས་གནང་དགོས་རྒྱུའི་གནས་སྟངས་ཆགས་བསྡད་ཡོད་རེད། དེ་ག་ནང་བཞིན་བཀའ་ཤག་ནས་ལས་བྱེད་འདེམས་ལྷན་གྱི་སྒྲིག་གཞི། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི། བཙན་བྱོལ་བོད་མིའི་གཞིས་ཆགས་ས་ཁང་གི་སྒྲིག་གཞི་ཁག་ལ་བསྐྱར་བཅོས་བསྣམ་ཕེབས་ཀྱི་འདུག དེ་ག་ནང་བཞིན་གྱི་སྤྱི་འཐུས་རྒྱུན་ལས་ནས་མཛད་གཙོ་རྣམ་པའི་ཐོབ་ཐང་གི་སྒྲིག་གཞི་ཐོག་ལའང་བསྐྱར་བཅོས་རིགས་གཅིག་འཁུར་དགོས་པ་ཆགས་ཀྱི་འདུག དེ་བཞིན་གྲོས་ཚོགས་ཀྱི་ཆེད་འཛུགས་ཚོགས་ཆུང་ནས་མཛད་གཙོ་རྣམ་པ་འཕོ་འགྱུར་དང་འབྲེལ་བའི་སྒྲིག་གཞི་འཆར་ཟིན་དང་སྙན་ཐོ་འདིར་ཕེབས་ཀྱི་ཡོད་རེད་ཅེས་ཞུ་རྒྱུ་ཡིན།
ང་ཚོའི་རྩིས་དང་འབྲེལ་བའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་སའི་ལས་ཁུངས་ཡོངས་དང་འབྲེལ་བའི་མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་ ༡༢ པའི་སྙན་ཐོ་དང་རྒྱབ་གཉེར་དེ་འདིར་ཕེབས་ཀྱི་ཡོད་རེད། དེ་ག་ནང་བཞིན་གྱི་གྲོས་ཆོད་གྲོས་འཆར་ཁག་གཅིག་ཕེབས་ཀྱི་ཡོད་རེད། གྲོས་ཆོད་གྲོས་འཆར་གལ་ཆེ་བ་གཅིག་དེ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེ་རེད། ང་ཚོའི་ལས་རིམ་འཁུར་སྟངས་དེ་གྲོས་ཚོགས་ཀྱི་གནས་སྟངས་ལ་བརྟེན་ནས་ན་ནིང་ནས་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྐབས་སུ་ང་ཚོས་འགྱུར་བ་བཏང་བ་རེད། དེ་རིང་འདིར་ཡང་འགྱུར་བ་བཏང་ནས་ལས་རིམ་དེ་ང་ཚོས་ཉི་མ་ཁ་ཤས་ཀྱི་རྗེས་ལ་ལས་རིམ་ནང་འཇུག་རྒྱུ་བྱས་ཡོད། དེ་ག་ནང་བཞིན་གྱི་སྤྱི་འཐུས་རྒྱུན་ལས་ཀྱི་ཐོག་ནས་གྲོས་ཆོད་ཁག་ཅིག་ཕེབས་ཀྱི་ཡོད། དེ་ནས་བཀའ་ཤག་གི་ཐོག་ནས་གྲོས་ཆོད་ཁག་ཅིག་ཕེབས་ཀྱི་འདུག གཞན་ཡང་གྲོས་ཚོགས་ཀྱི་ལས་རིམ་འདིའི་ནང་ལོགས་ལ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྣམ་པ་དང་། རྩིས་ཞིབ་སྤྱི་ཁྱབ་ཀྱི་འོས་བསྡུའི་ལས་རིམ་དེ་སླེབས་ཀྱི་ཡོད་རེད་ཅེས་སྙན་སེང་ཞུ་རྒྱུ་ཡིན།
དེ་ལྟར་གྲོས་ཚོགས་ཀྱི་ལས་རིམ་བསྐྱང་རྒྱུའི་གནས་སྟངས་ཆགས་བསྡད་ཡོད། སྐབས་མཚམས་ཡང་ལས་རིམ་ཁ་ཤས་འདི་འདྲ་གསར་པ་ཡོང་སྲིད་པ་རེད། མདོར་ན། སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དགུ་པ་འདི་བཀུར་འོས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་རེད། དཔལ་ལྡན་བཀའ་ཤག་རེད། གང་ལྟར་ང་ཚོའི་གྲོས་ཚོགས་ནང་ལོགས་ལ་ལས་རིམ་གང་ཕེབས་པ་ཡིན་ནའང་བསམ་ཚུལ་མ་མཐུན་པ་ཡོང་སྲིད་པ་རེད། ཡིན་ནའང་སྤྱི་ཡོངས་ཀྱི་ཐོག་ནས་བགྲོ་གླེང་དང་། རྒྱུ་མཚན་ལྡན་པའི་གོ་བསྡུར་ཐག་གཅོད་ཡོང་ཐུབ་རྒྱུར་ཐབས་ཤེས་གནང་དགོས་རྒྱུ་དེ་་གལ་ཆེན་པོ་ཆགས་ཀྱི་འདུག དེ་བཞིན་ང་ཚོའི་གྲོས་ཚོགས་ཚོགས་དུས་དགུ་པ་དེ་ལས་ཉིན་བཅུ་གསུམ་ཡོད་རེད། ལས་ཉིན་བཅུ་གསུམ་འདི་དོན་ཕན་ལྡན་པ་ཡོང་རྒྱུར་གྲོས་ཚོགས་ཀྱི་ཚོགས་མི་ཚང་མས་འགན་ཁུར་བཞེས་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། དེ་རིང་གི་གྲོས་ཚོགས་ཚོགས་དུས་དགུ་པ་འདིའི་ཐོག་ལ་ད་ལྟ་བཀུར་འོས་སྤྱི་འཐུས་གསུམ་གྱིས་ཉི་མ་འགའ་ཤས་རིང་དགོངས་པ་ཞུས་འདུག དེ་མ་གཏོགས་པའི་གྲོས་ཚོགས་ཀྱི་འཐུས་མི་ཚང་མ་ཕེབས་ཐུབ་ཡོད་ཅེས་ཞུ་རྒྱུ་ཡིན།
མཐའ་དོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། རླབས་ཆེན་ཐུགས་ཀྱི་དགོངས་བཞེད་རྣམས་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ་གནང་།།