༢༠༡༢ ཟླ་ ༣ ཚེས་ ༢༡ རེས་གཟའ་ལྷག་པ།
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༤ ནས་ ༢༤ བར་ཉིན་གྲངས་བཅུའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཁང་དུ་ཚོགས་བཞིན་པ་ལྟར་སྤྱི་མོས་ཀྱིས་གཏན་འབེབས་གནང་བའི་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་ཁག་གཅིག
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད།
སྔོན་གླེང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐད་བསྐོས་སྤྱི་ཟུར་ངག་དབང་བྱམས་པ་མཆོག་ཡུན་རིང་སྙུན་བཞེས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༡ ཉིན་ཌེ་ར་ལྡུན་གཟིམ་ཤག་ཏུ་དགུང་གྲངས་ ༧༩ ཐོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད། དམ་པ་ཁོང་ནི་ཕ་བག་བྲོ་དང་མ་ཚེ་རིང་དབྱངས་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༩༣༣ ཟླ་ ༧ ཚེས་ ༡ ཉིན་བོད་ཆུ་ཤུལ་དུ་སྐུ་འཁྲུངས་པ་དང་། ཕྱི་ལོ་ ༡༩༥༩ ཟླ་ ༥ ཚེས་ ༣༠ ལ་རྒྱ་གར་མི་ས་མ་རིར་འབྱོར་བ་དང་། ཕྱི་ལོ་ ༡༩༦༠ ཟླ་ ༧ ཚེས་ ༡ ནས་མ་སུ་རི་གཏན་སློབ་དུ་བོད་སློབ་འཛིན་སྐྱོང་ཚོགས་པའི་ཁོངས་བོད་དགེའི་ཕྱག་ལས་གནང་སྟེ་མཐར་ཕྱི་ལོ་ ༡༩༩༠ ཟླ་ ༦ ཚེས་ ༣༠ ཉིན་རྒས་ཡོལ་དུ་ཕེབས་འདུག དེའི་དབར་གཏན་སློབ་ཀྱི་བོད་རིགས་སློབ་སྤྱི་ལས་ཚབ་ཀྱི་ཐུགས་འགན་ཡང་ཐེངས་གཉིས་ཙམ་བཞེས་ཡོད། སླར་ཡང་མ་སུ་རི་གཏན་སློབ་ཏུ་ཤེས་རིག་གི་ཐད་འཛིན་འོག་བོད་ཡིག་དགེ་རྒན་གྱི་ཕྱག་ལས་ལོ་ ༡ རིང་གནང་བ་དང་། དེ་རྗེས་ལོ་ ༤ རིང་མ་སུ་རི་བུ་ཕྲུག་ཁྱིམ་སྡེའི་ཡིག་ཚང་གི་བོད་དྲུང་གནང་། ཕྱི་ལོ་ ༡༩༩༧ ཟླ་ ༣ ཚེས་ ༢༨ ནས་ཕྱི་ལོ་ ༢༠༠༡ ཟླ་ ༥ ཚེས་ ༢༨ བར་སྐབས་བཅུ་གཉིས་པའི་ཐད་བསྐོས་སྤྱི་འཐུས་སུ་ལས་འཁུར་ཞུས་ཡོད། གཞན་ཡང་དེ་སྔོན་མ་སུ་རི་ས་གནས་གཞོན་ནུའི་དྲུང་ཆེ་དང་། རང་བདེན་ཚོགས་ཆུང་གི་དྲུང་ཆེ་བཅས་ཀྱང་གནང་ཡོད། ཁོང་ནི་བོད་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པར་སྲི་ཞུ་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་བའི་མཛད་རྗེས་ཅན་ཞིག་ཡིན
གྲོས་ཆོད།
སྐུ་གཤེགས་དེ་ཉིད་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་ལྟོས་བཅས་ནང་མི་རྣམས་ལ་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༣ ཚེས་ ༡༥ ལ།།
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་འདི་བཞིིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ པའི་ཐོག་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༥ ཉིན་སྤྱི་མོས་ཀྱིས་གཏན་འབེབས་གནང།
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད།
སྔོན་གླེང།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༧ ཉིན་བོད་མདོ་སྨད་ཨ་མདོ་རེབ་གོང་གཉན་ཐོག་ཤང་ཤ་སྦྲང་གྲོང་ཚོ་ནས་ཡིན་པ་ཕ་ཚེ་འདས་ཤ་མོ་དང་མ་ལྕགས་མོ་རྒྱལ་གཉིས་ཀྱི་བུ་རང་ལོ་ ༤༤ ཡིན་པ་བསོད་ནམས་དར་རྒྱས་ལགས་ཀྱིས་གོང་ཚེས་ཉིན་བོད་ནང་གི་ཚོུད་ ༩།༤༠ ཙམ་ལ་རང་ལུས་མེར་སྲེག་བཏང་སྟེ་སྐུ་སྲོག་ཤོར་འདུག་པ་དང། དམ་པ་ཁོང་གི་བཟའ་ཟླའི་མིང་ལ་སྒྲོལ་དཀར་སྐྱིད་བུ་མོ་གཅིག་དང་བུ་གཉིས་བཅས་ཤུལ་དུ་ལུས་ཡོད་པ་རེད། ཁོང་རང་ལུས་མེར་སྲེག་གིས་སྐུ་སྲོག་ཤོར་ནས་ཡུན་རིང་མ་སོང་བ་དང། ཡུལ་དེའི་གདང་རྒྱ་ཀླད་དུར་ཁྲོད་དུ་འཁྱེར་ཡོད་པ་རེད། ད་ཐེངས་ཀྱི་རང་ལུས་མེར་སྲེག་འདི་ནི་ ༢༠༠༩།༢།
༢༧ ནས་ ༢༠༡༢།༣།༡༧ བར་རང་ལུས་མེར་སྲེག་གནང་མཁན་ ༣༠ དང་། སྐུ་སྲོག་ཤོར་མཁན་ ༢༡ པ་དེ་ཆགས་ཡོད་པ་རེད། ཁོང་ནི་བོད་བསྟན་སྲིད་ཀྱི་བདེ་རྩའི་སླད་རང་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བློས་གཏོང་མཁན་གྱི་རྒྱལ་གཅེས་པ་ཞིག་དང། བོད་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་སུ་ཇི་སྲིད་བསྐལ་བའི་བར་གཟི་འོད་འབར་བའི་ལེ་ཚན་ཞིག་ཏུ་གནས་ངེས།
གྲོས་ཆོད།
རྒྱལ་གཅེས་པ་ཁོང་གི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང། ཁོང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང། ཁོང་གི་ཤུལ་ལུས་ནང་མི་ལྟོས་བཅས་ལ་གདུང་སེམས་མཉམ་བསྐྱེད། གཞིས་བྱེས་བོད་མི་ཡོངས་ལ་རང་དབང་གི་ཉི་མ་མགྱོགས་ནས་མྱུར་དུ་ཤར་བ་བཅས་ཀྱི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གདུང་ཤུགས་དྲག་པོས་གསོལ་འདེབས་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༩ ལ།།
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་འདི་བཞིིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ པའི་ཐོག་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༩ ཉིན་སྤྱི་མོས་ཀྱིས་གཏན་འབེབས་གནང།
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་ཆོད།
སྔོན་གླེང།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༦ ཉིན་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༥ པ་ཙམ་ལ། མདོ་སྨད་རྔ་པ་ནས་ཡིན་པ་ཕ་ཡེ་ཤེས་དང་། མ་ཚེ་སྒྲོན་ཞུ་བ་གཉིས་ཀྱི་བུ། རྔ་པ་ཀིརྟི་དགོན་པའི་རྒྱུད་པ་གྲྭ་ཚང་གི་གྲྭ་བློ་བཟང་ཚུལ་ཁྲིམས་རང་ལོ་ ༢༠ ལ་སོན་པ་ཁོང་གིས། རྔ་པ་རྫོང་མཁར་གཞུང་སྟོད་ཕྱོགས་ཀྱི་གཞུང་ལམ་སྟེང་ངོ་རྒོལ་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་བཏང་བ་དང་། སྐབས་དེར་རྒྱ་མིའི་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་གཅར་རྡུང་བཏང་སྟེ་བཙན་འཁྲིད་བྱས་ཡོད་པ་རེད། གནས་ཚུལ་དེའི་འོག་ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༩ ཉིན་རྒྱལ་གཅེས་དཔའ་བོ་ཁོང་འདས་གྲོངས་སུ་གྱུར་ཡོད་པ་དང་། སྐབས་དེར་ས་གནས་ཉེན་རྟོག་པ་སོགས་ཀྱིས་པུར་ཐལ་ནང་མི་ལ་སྤྲད་པ་ཙམ་ལས་གཞན་སྐུ་ཕུང་སོགས་གང་ཡང་རག་མེད་པའི་གནས་ཚུལ་ཐོན་འདུག
རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཚུལ་ཁྲིམས་ནི་རྔ་པ་རྫོང་ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བའི་ཡེ་ཤེས་ཚང་གི་བུ་ཡིན་ཞིང་། མིང་སྲིང་བཞི་ཡོད་པའི་ནང་གི་ཆེ་ཤོས་དེ་ཡིན་འདུག་ལ། ཁོང་ལོ་ན་བརྒྱད་ཙམ་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་གནང་ནས་སྐབས་དེར་ཀིརྟིའི་དགོན་ནང་བསྟན་གཞོན་ནུའི་རིགས་སློབ་ཁང་ཞེས་པའི་ཀིརྟི་དགོན་པའི་སློབ་གྲྭའི་ནང་འཛུལ་ཞུགས་གནང་ཞིང་། ༢༠༠༣ ལོར་སློབ་གྲྭ་སྒོ་བརྒྱབ་རྗེས་གསང་སྔགས་རྒྱུད་པ་གྲྭ་ཚང་དུ་ཞུགས་ནས་འདོན་ཆོས་སྤྱོད་སོགས་ལ་སློབ་སྦྱོང་རྩེར་སོན་གྱི་གྲས་ཤིག་དང་ཉམ་ཆུང་ཚུལ་མཐུན་ཞིག་ཡིན་འདུག དོན་རྐྱེན་འདི་བྱུང་བ་དང་སྔར་དང་མི་འདྲ་བར་རྔ་པ་ཀིརྟི་དགོན་པའི་སྒོ་ཆེན་ཁག་གི་འགྲམ་དུ་དྲག་ཆས་ཉེན་རྟོག་པ་སོགས་ཀྱིས་དམ་དྲག་ཆེན་པོ་བྱས་ཡོད་པ་དང་། རྔ་པ་རྫོང་མཁར་དུ་ཡོང་སའི་ལམ་ཆེ་ཆུང་ཚང་མར་ཞིབ་བཤེར་ས་ཚིགས་བཙུགས་ནས་དམ་དྲག་བྱས་ཡོད་འདུག ཁོང་གིས་རང་ལུས་མེེར་སྲེག་གནང་བ་འདི། དགེ་འདུན་པ་བློ་བཟང་ཕུན་ཚོགས་ལགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་སྲེག་གནང་སྟེ་ལོ་གཅིག་ཏག་ཏག་འཁོར་བའི་ཉིན་མོ་དེ་ཆགས་ཡོད་ཅིང་། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༩ བར་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་མི་གྲངས་ ༣༠ བྱུང་ཡོད་པ་དང་། དེའི་ནང་ནས་སྐུ་སྲོག་ཤོར་བའི་མི་གྲངས་ ༢༡ པ་དེ་ཆགས་ཡོད་པ་རེད། ཁོང་ནི་བོད་བསྟན་སྲིད་ཀྱི་བདེ་རྩའི་སླད་རང་ཉིད་ཀྱི་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བློས་གཏོང་མཁན་གྱི་རྒྱལ་གཅེས་པ་ཞིག་དང་། དབང་འཐབ་རྩོད་ཀྱིི་ལོ་རྒྱུས་སུ་ཇི་སྲིད་བསྐལ་པའི་བར་གཟི་འོད་འབར་བའི་ལེ་ཚན་ཞིག་ཏུ་གནས་ངེས།
གྲོས་ཆོད།
རྒྱལ་གཅེས་པ་ཁོང་གི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང། ཁོང་གིས་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང། ཁོང་གི་ཤུལ་ལུས་ནང་མི་ལྟོས་བཅས་ལ་གདུང་སེམས་མཉམ་བསྐྱེད། གཞིས་ལུས་བོད་མི་ཡོངས་ལ་རང་དབང་དང་གཞིས་བྱེས་མཉམ་འཛོམས་ཀྱི་ཉི་མ་མགྱོགས་ནས་མྱུར་དུ་འཆར་བ་བཅས་ཀྱི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གདུང་ཤུགས་དྲག་པོས་གསོལ་འདེབས་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༡ ལ།།
གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་འདི་བཞིིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༣ པའི་ཐོག་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༡ ཉིན་སྤྱི་མོས་ཀྱིས་གཏན་འབེབས་གནང།