༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༡༤ བོད་ཟླ་ ༡ ཚེས་ ༡༥ ཆོ་འཕྲུལ་དུས་ཆེན་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་སྐྱེས་རབས་དང་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཡོད་པ་རེད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྔ་དྲོའི་ཆུ་ཚོད་ ༧།༤༥ ཙམ་ལ་གཟིམ་ཆུང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་ཤེས་རབ་སྙིང་པོ་སོགས་ཞལ་འདོན་ཁག་རིམ་པར་གསུང་འདོན་གནང་ཞིང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་འབྲེལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སོགས་ཀྱིས་མཇལ་ཁ་ཞུས་མཚམས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་མཛད་སྒོ་ཞིག་ང་ཚོའི་བཙན་བྱོལ་བའི་གནས་སྟངས་འདིའི་འོག་ནས་ཚུགས་པ་རེད། བོད་གངས་ཅན་གྱི་ལྗོངས་སུ་ཆོ་འཕྲུལ་སྨོན་ལམ་ཆེན་མོར་སྐབས་རེར་དགེ་བཤེས་ཚོས་དམ་བཅའ་འཇོག་པ་དང་། དཔེ་ཆ་རྣམས་གུང་བསྒྲིགས་ནས་རྟགས་གསལ་བཏང་སྟེ་ཧ་ཅང་འཁྲུགས་པོ་དང་སྤུས་དག་པོ་ཡོད་པ་རེད།
ངོས་ཀྱིས་དཔེ་ཆར་དེ་ཙམ་བལྟས་མེད་ཀྱང་གང་འཚམ་བལྟས་ཡོད་པས་ལྷ་སའི་གཙུག་ལག་ཁང་གི་འཁྱམ་རར་དམ་བཅའ་བཞག་པ་ཡིན། དེའི་སྐབས་སུ་ངོས་རང་ལ་རྨི་ལམ་ཁྱད་མཚར་ཞིག་བྱུང་། སྟོན་པ་བཅོམ་ལྡན་འདས་ཡར་ཕྱོགས་ཀྱི་དབུས་སུ་བཞུགས་ཤིང་། ངོས་རང་གཤམ་དུ་འདུག བཅོམ་ལྡན་འདས་ཀྱིས་མར་མིག་བཙུམ་སྐྱོན་ནས་ཡར་ཤོག་གསུངས་བྱུང་། ངོས་རང་ཡར་ཕྱིན་པ་ཡིན། བཅོམ་ལྡན་འདས་ཀྱི་འཁྲིས་སུ་ངོས་རང་བཞག་པ་གནང་ནས་ཕྱག་འཇུ་གནང་སྟེ་ཧ་ཅང་མཉེས་པོ་གནང་བྱུང་། ངོས་རང་ལའང་ཚོར་བ་ཧ་ཅང་ཤུགས་ཆེན་པོ་ཞིག་བྱུང་སོང་། བཅོམ་ལྡན་འདས་ལ་ཕུལ་རྒྱུ་ནི་ངོས་ཀྱིས་ཨམ་ཕྲག་ཏུ་མངར་ཟས་ཤིག་འདུག་པ་དེ་ཕུལ་བ་ཡིན། བཅོམ་ལྡན་འདས་ཀྱིས་ཧ་ཅང་མཉེས་པོ་གནང་བྱུང་། གང་ལྟར་དེ་དུས་རྨི་ལམ་འདྲ་མིན་ཡོད་པ་རེད། དེ་དག་གིས་ག་རེ་མཚོན་གྱི་ཡོད་པ་རེད་ཟེར་ན། ངོས་རང་སངས་རྒྱས་བཅོམ་ལྡན་འདས་ཀྱི་གདུལ་བྱ་དངོས་དང་། ཧམ་པ་ལྟ་བུ་བཤད་ན་བསམ་བཞིན་དུ་སྐྱེ་བ་བླངས་པའི་བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཞིག་ཆགས་ཡོད།
ང་རང་ཚོ་ད་ལྟའི་དུས་ཚོད་ལ་སོ་སོའི་ལུང་པ་དང་བྲལ་ནས་རྒྱ་གར་དུ་སྐྱབས་བཅོལ་བ་རེད། ཡིན་ནའང་། རྒྱ་གར་དུ་ནང་པའི་ཆོས་ལ་དོ་སྣང་ཤུགས་ཆེ་ཐག་ཆོད་དང་། འཛམ་གླིང་སྤྱི་ལ་ནང་པའི་ལྟ་གྲུབ་དང་། གཙོ་བོ་ནང་པའི་སེམས་ཁམས་རིག་པའི་སྐོར་ལ་ཚན་རིག་པ་ཚོས་ཀྱང་དོ་སྣང་དང་དགའ་བོ་བྱེད་ཀྱི་འདུག ངོས་ནས་མགོ་གཉིས་མ་ཐོན་གྱི་ཡོད། ཚན་རིག་པར་ཐུག་དུས་ངོས་རང་ཚན་རིག་པ་ཡིན་ཟེར་གྱི་ཡོད། ཡང་ནང་པའི་དགེ་སློང་ཞིག་ལ་ཐུག་དུས་ངོས་རང་དགེ་སློང་འདུལ་བ་འཛིན་པ་ཡིན་ཟེར་གྱི་ཡོད། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཟེར་གྱི་ཡོད། ངོས་རང་ལ་སྤྱན་སྟོང་མེད་ཀྱང་ལྷག་བསམ་རྣམ་དག་གིས་གདུལ་བྱའི་ཁམས་དང་མོས་པ་དང་འཚམ་པ་ཞིག་གིས་བསྟན་པ་དང་འགྲོ་བའི་དོན་བྱེད་བཞིན་ཡོད། ད་ལྟའི་བར་དུ་འགྲོ་དོན་ཡག་ཐག་ཆོད་བྱུང་བ་རེད། ད་དུང་ཡིན་ནའང་རྨི་ལམ་ལ་བརྟག་དུས་ཕལ་ཆེར་ལོ་བརྒྱ་དང་བཅུ་གྲངས་རིང་སྡོད་པ་ཞིག་འདུག
ངོས་རང་མདོ་སྨད་ནས་སྐྱེས་པའི་ཕྲུ་གུ་ཞིག་ལྷ་སར་༸རྒྱལ་བའི་ཁྲི་ལ་འཁོད་ཅིང་། ༸རྒྱལ་བ་རིན་པོ་ཆེ་ཞེས་བཞུགས་ཁྲི་མཐོན་པོ་ཞིག་གི་ཐོག་ལ་སྡོད་དུས་ཆོ་མི་འདུག དེ་ནས་རིམ་པར་སྨོན་ལམ་དམ་བཅའ་བཞག་པ་དང་། དུས་ལོག་བྱུང་ནས་བཙན་བྱོལ་བ་ཆགས་ཤིང་། རང་དབང་ལྡན་པའི་ཐོག་ནས་ཆོས་ཉན་བཤད་བྱེད་པ་དང་། གཞན་ལ་ཕན་ཐོགས་བྱེད་པའི་གོ་སྐབས་ཧ་ཅང་ཡག་པོ་བྱུང་། ངོས་ནས་ཧུར་ཐག་འབད་ཐག་བྱེད་བཞིན་ཡོད། ཞོགས་པའི་གཉིད་སད་པ་དང་། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག། །སྐྱེས་པ་ཉམས་པ་མེད་པར་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་པའི་སྨོན་ལམ་བརྒྱབ་སྟེ་སེམས་བཟང་པོ་བསྐྱེད་ནས་མི་ཚེ་སྐྱེལ་གྱི་ཡོད། ངོས་ཀྱི་བསམ་བློའི་འགྲོ་སྟངས་རྣམས་ཚན་རིག་པར་གོ་བསྡུར་བྱེད་པ་ལའང་ཆ་རྐྱེན་ཡག་པོ་འདུག དེར་བརྟེན། ཚན་རིག་པ་མང་པོར་ཐུག་ནས་སེམས་ཁམས་རིག་པའི་སྐོར་གོ་བསྡུར་བྱེད་པ་ཡོང་གི་ཡོད། གང་ལྟར་འཛམ་གླིང་འདིར་ཆོས་དད་ཡོད་མེད་གང་ལྟར་ཡང་སེམས་ཁམས་རིག་པའི་ཐོག་ནས་མི་མང་པོ་ཞིག་ལ་ཕན་ཐོགས་ཡོང་ཐུབ་པ་ཞིག་འདུག ངོས་ནས་གང་ཡོང་ཅི་ཡོང་ཧུར་ཐག་འབད་ཐག་བྱེད་བཞིན་ཡོད། ཕ་ཡུལ་ཟི་ལིང་ནས་སྐྱེས་པ་རེད། མདོ་སྨད་པ་ལྷ་མོ་དོན་གྲུབ་ཟེར་བ་ལ་ལུང་བསྟན་ཞིག་གི་ནང་དུ། སྐྱེས་པའི་བུ་ལ་བུ་མོའི་མིང་ཐོགས་ཟེར་བ་ཞིག་ཡོད་པ་རེད། དེར་བརྟེན། ངོས་རང་ལ་ལྷ་མོ་དོན་གྲུབ་ཟེར་བའི་མིང་ཞིག་ཡོད། ཨ་མདོ་ལྷ་མོ་དོན་གྲུབ་ཀྱིས་ལོ་ཡུན་འདིིའི་རིང་ཧུར་ཐག་འབད་ཐག་བྱས་པ་ཡིན། ད་དུང་ཡིན་ནའང་གོང་དུ་ཞུས་པ་བཞིན་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་པའི་རྨི་ལམ་གསལ་པོ་ཡོང་གི་འདུག ངོས་ཀྱི་མི་ཚེའི་འཕྲོ་ཡི་རིང་བསྟན་པ་དང་འགྲོ་བའི་ཞབས་འདེགས་གང་ཡོང་ཅི་ཡོང་ཞིག་སྒྲུབ་བསམ་པ་ཡོད།
འདིར་ང་ཚོ་བཙན་བྱོལ་དུ་སླེབས་ནས་འགྲོ་དོན་ཡག་ཐག་ཆོད་རེད། ཚན་རིག་པ་ཚོའི་མཉམ་དུ་སེམས་ཁམས་རིག་པའི་སྐོར་ལ་གོ་བསྡུར་བྱེད་སྐབས་ཚན་རིག་པས་ཧ་ཅང་དགའ་བོ་བྱེད་བཞིན་འདུག ཚན་རིག་པར་ཐུག་དུས་ངོས་ཀྱིས་ཆོས་དད་མེད་མཁན་གྱི་ཚན་རིག་པ་ནང་བཞིན་གྱི་བསམ་བློ་གཏོང་སྟངས་བྱས་ཏེ་གོ་བསྡུར་བྱེད་ཀྱི་ཡོད། ཅེས་དང་། ད་འདིར་ཆོ་འཕྲུལ་དུས་ཆེན་གྱི་སྐྱེས་རབས་གསུང་ཆོས་རེད། སྔ་མོའི་ཕྱག་ལེན་ལ་ལྷ་ས་སྨོན་ལམ་ཆེན་མོའི་སྐབས་སུ་སྐྱེས་རབས་གསུང་བའི་ཕྱག་ལེན་ཡོད་པ་རེད། ཅེས་བཀའ་སློབ་སྩལ་རྗེས་འདས་ལོའི་སྐྱེས་རབས་ཆོས་འབྲེལ་གྱི་མཚམས། ལེགས་པར་ཕ་རོལ་ཏུ་ཕྱིན་པར་སྐྱེས་པའི་རབས་ནས་འཕྲོ་སྐྱོང་གིས། རྒྱ་མཚོ་འདི་ནི་ཁྲོས་བཞིན་བདག་ཅག་རྣམས། །རྒྱ་མཚོའི་ཀློང་གིས་ཅིག་ཅར་རིལ་མིད་བགྱིད། །སྐྱེ་བོ་ཆབ་ཀྱི་ནང་དུ་འགུམ་པ་འདི། །ཁྱོད་ཀྱིས་ཡལ་བར་དོར་བ་མི་སྲིད་དོ། །རྒྱ་མཚོ་འདིས་ཀྱང་ཁྱོད་ཀྱི་བཀའ་མི་གཅོག། དེ་བས་འཁྲུགས་པར་གྱུར་པ་འདི་ལས་བཟློག། ཅེས་པའི་མཚམས་བར་དུ་ཆོས་འབྲེལ་བཀའ་དྲིན་སྩལ་རྗེས་ཆོས་ཞུ་བ་ཡོངས་ཀྱིས་བཀའ་དྲིན་གཏང་རག་གི་མཎྜལ་ཕུལ།
མཐར་མགོན་པོ་གང་ཉིད་མཆོག་གིས། ཁས་ཤས་ཀྱིས་རེ་འདུན་ཞུས་ཏེ་སེམས་བསྐྱེད་ཅིག་བྱུང་རོགས་བྱས་ན་ཟེར་གྱི་འདུག དེ་ཧ་ཅང་ཡག་པོ་འདུག ངོས་རང་ལ་མཚོན་ན་ཞོགས་པ་ཡར་ལངས་པ་དང་སེམས་བསྐྱེད་ཀྱི་བསམ་བློ་བཏང་ནས་འདུན་པ་གཉིས་ལྡན་གྱི་སེམས་བསྐྱེད་ནས་ཉིན་མོ་དེ་ཆ་ཚང་སེམས་བསྐྱེད་ཀྱིས་ཟིན་པ་བྱས་ནས་འགྲོ་བ་བྱེད་བཞིན་ཡོད། དེར་བརྟེན། འདིར་སྤྱོད་འཇུག་གི་ཚིག་ཐོག་ནས་སེམས་བསྐྱེད་གཟུང་རྒྱུ་བྱེད། སེམས་བསྐྱེད་ཀྱི་བསམ་བློ་གཏོང་དུས་སེམས་ཞུམ་སྡོད་པ་ལ་ཕན་པ་དང་། ཡང་སེམས་མ་སྐྱིད་པ་དང་འཇིགས་སྣང་གིས་སྡོད་པ་ལའང་ཕན་པ་རེད། སེམས་ལ་སྤྲོ་བ་དང་སྤོབས་པ་བསྐྱེད་པ་ཕན་པ་རེད། ཇི་སྲིད་ནམ་མཁན་མ་ཟད་ཀྱི་བར་དུ་འགྲོ་བའི་དོན་བྱེད་བསམ་པའི་བསམ་བློའི་སྙིང་སྟོབས་དེ་ཤུགས་ཆེན་པོ་ཡོང་གི་འདུག སེམས་བསྐྱེད་ནི་ཧ་ཅང་ཡག་པོ་རེད། སེམས་བསྐྱེད་ཀྱི་རོགས་ལ་སྟོང་ཉིད་ཀྱི་ལྟ་བ་གལ་ཆེན་པོ་རེད། སེམས་བསྐྱེད་ནས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་བློ་ཡོང་བའི་གཞི་ནི་ཆོས་རྣམས་སྣང་བ་ལྟར་དུ་མ་གྲུབ་པ་དང་། ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་བ་དེ་ཡིས་ཧ་ཅང་ཕན་གྱི་འདུག སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་གཉིས་ཟུང་དུ་སྦྲེལ་ཡོང་སྐབས་ཧ་ཅང་ཕན་ཐོགས་ཆེན་པོ་འདུག ངོས་རང་གིས་ཉིན་ལྟར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་སྒོམ་བཞིན་ཡོད། ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་བ་ཞིག་འདུག ཅེས་བཀའ་སློབ་སྩལ་བ་དང་།
དེ་རྗེས་སེམས་བསྐྱེད་ཀྱི་ཚིག་མང་པོ་ཡོད་ཀྱང་སྤྱོད་འཇུག་གི་ཚིག་འདི་འདུམ་བདེ་བོ་རེད་ཅེས་བཀའ་ཕེབས་རྗེས། སྤྱོད་འཇུག་ཆེན་མོའི་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བ་ཞེས་བྱ་བ་སྟེ་ལེའུ་གསུམ་པ་ལས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་པའི་ཐོག་ཀུན་བདེ་གླིང་རིིན་པོ་ཆེ། འཁྲུལ་ཞིག་རིན་པོ་ཆེ། བྱ་དོ་རིན་པོ་ཆེ། ཏེ་ལོ་རིན་པོ་ཆེ་སོགས་བླ་སྤྲུལ་དང་། རྒྱུད་གྲྭ་སྨད་སྟོད་ཀྱི་མཁན་པོ་དང་མཁན་ཟུར་སོགས་ཀྱིས་གཙོས་སེར་སྐྱ་མི་མང་དྲུག་སྟོང་བརྒལ་བར་སེམས་བསྐྱེད་ཀྱི་ཆོས་འབྲེལ་བཀའ་དྲིན་སྩལ་ཏེ་འདི་ལོའི་ཆོ་འཕྲུལ་དུས་ཆེན་ཉིན་གྱི་ཆོས་འབྲེལ་གནང་སྒོ་ལེགས་པར་གྲུབ་ཡོད། །