༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༡༠ ཉིན་བཞུགས་སྒར་དྷ་རམ་ས་ལའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒེར་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པའི་གཞུང་འབྲེལ་མཛད་སྒོར་ཕེབས་པའི་སི་ལོ་ཝེ་ཀི་ཡའི་སྲིད་འཛིན་ཟུར་པ་ཨན་དེ་རེ་ཇི་ཀི་སི་ཀ་ (Mr. Andrej Kiska) མཆོག་དང་། ཨིས་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇུ་ཀུ་ཀེ་ལེ་རེཌ་ (Juku Kalle Raid) མཆོག་གིས་སྣེ་ཁྲིད་པའི་ཨིས་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་སོགས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད་པ་རེད།
དེ་ཡང་ཐོག་མར་སི་ལོ་ཝེ་ཀི་ཡའི་སྲིད་འཛིན་ཟུར་པ་དང་། ཨེ་སི་ཏྲོ་ནི་ཡའི་གྲོས་ཚོགས་འཐུས་མི་རྣམ་པ་མགོན་པོ་མཆོག་ལ་ངོ་སྤྲོད་དང་འབྲེལ་མཇལ་ཁ་གནང་རྗེས་བཀའ་སློབ་སྩལ་དོན། དེ་རིང་ང་ཚོའི་གསུམ་བཅུའི་དུས་དྲན་རེད། ང་ཚོའི་བོད་པ་ཚོ་འུ་ཐུག་ནས་སྐད་འབོད་བྱས་པ་རེད། ངོས་རང་ཡང་བྱེད་ཧ་ཅང་ཁག་པོ་བྱུང་། ནོར་བུ་གླིང་ག་ནས་སྤོས་ཡ་མ་གཏོགས་གཞན་ཐབས་ཤེས་མི་འདུག་ཅེས་སྤོས་རྒྱུ་ཐག་བཅད་པ་རེད། ནོར་གླིང་ནས་ཚུར་ཐོན་ཡོང་སྐབས་སེམས་ཏོག་ཙམ་སྐྱོ་བྱུང་། ལྷ་སའི་གཙང་པོར་བརྒལ་ནས་ཆུའི་ཕར་ཕྱོགས་སུ་སླེབས་སྐབས་ངོས་ཀྱི་རྟ་ཁྲིད་ས་གནས་ཀྱི་གྲོང་གསེབ་པ་ཞིག་གིས་ལྷ་ས་འདི་ནས་མ་གཏོགས་གཟིགས་ཀྱི་མ་རེད། ལྷ་སར་གཅིག་གཟིགས་རོགས་ཟེར། སྙིང་རྗེ། དེ་ནས་ངོས་ཀྱི་རྟ་ཁ་ཕར་སློག་ནས་ལྷ་སར་ཁ་གཏད་དེ་སྨོན་ལམ་ཞིག་བརྒྱབ་པ་ཡིན། ལྷ་སའི་ལྷོ་རྒྱུད་ཀྱི་གཙང་པོ་ཕར་བརྒལ་ནས་རྟ་བཞོོན་ནས་སླེབས་སྐབས་རྒྱ་མིའི་བཙན་འོག་ནས་ཐར་སོང་བསམ་པའི་དགའ་སྣང་ལྟ་བུའང་བྱུང་། རྒྱ་མི་གུང་བྲན་གྱིས་བོད་ནག་བསུབ་གཏོང་བའི་རེ་བ་བརྒྱབ་ཀྱང་ནག་བསུབ་གཏོང་ཐུབ་ཡོད་པ་མ་རེད། ཅེས་བཀའ་སློབ་སྩལ་ཡོད་པ་རེད། །