༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༡༠ བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པའི་སྐབས་ཝིག་ཊོ་རི་ཡའི་མ་རི་བི་ནོང་ (Maribyrnong) གྲོང་ཁྱེར་ལྷན་ཚོགས་ཀྱིས་ཐེངས་དང་པོར་ལས་ཁུངས་ཀྱི་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་སྟེ་བོད་མི་ཚོར་རྒྱབ་སྐྱོར་གནང་བ་མ་ཟད། བོད་མིའི་རང་དབང་སྒེར་ལངས་ཉིན་མོ་སྲུང་བརྩི་ཞུས་ཡོད།
དེ་ཡང་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོར་གྲོས་ཚོགས་འཐུས་མི་ཟུར་པ་དང་ཨོ་སྟྲེ་ལི་ཡ་བོད་དོན་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་ཇེ་ནེཊ་རེ་སི་ལགས་དང་། གྲོང་སྡེ་ལྷན་ཚོགས་ཀྱི་ཚོགས་མི་ཟུར་པ་སྐུ་ཞབས་སཱ་ཡི་མོན་ཁི་རཱ་ཝོཌ་ལགས་གཉིས་ཕེབས་ཡོད། སྐུ་ཞབས་སཱ་ཡི་མོན་ལགས་ཀྱིས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱ་རྒྱུའི་གྲོས་འཆར་བཏོན་གནང་བ་མ་ཟད། བོད་མི་ཚོར་རེ་བ་ནམ་ཡང་མ་འདོར་བར་གཅིག་སྒྲིལ་གྱི་ཐོག་ནས་མུ་མཐུད་ལས་ཀ་བྱེད་པ་ཡིན་ན། བོད་ཀྱི་རྒྱལ་དར་འཛམ་གླིང་ཡོངས་ལ་སྒྲེང་ཐུབ་པའི་སེམས་ཤུགས་དང་གདེང་འཇོག་གནང་ཡོད།ལྷོ་ཝེལ་སི་ (New South Wales) མངའ་སྡེའི་རི་སྔོན་པོ་གྲོང་ཁྱེར་ལྷན་ཚོགས་ཀྱིས་ཀྱང་རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པར་ངོ་རྒོལ་གྱི་བོད་མིའི་རང་དབང་སྒེར་ལངས་ཉིན་མོའི་དུས་དྲན་སྲུང་བརྩི་ཞུ་ཆེད་བོད་ཀྱི་རྒྱལ་དར་བསྒྲེངས་ཡོད། རི་སྔོན་པོ་གྲོང་ཁྱེར་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༩ ལོ་ནས་བཟུང་ལོ་ལྟར་བོད་མིའི་རང་དབང་སྒེར་ལངས་ཉིན་མོར་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་བཞིན་ཡོད།
ཨོ་སྟྲེ་ལི་ཡ་ཡོངས་ཀྱི་བོད་རིགས་ཚོགས་པ་ཁག་གིས་རྒྱ་ནག་གིས་ཁྲིམས་འགལ་ཐོག་བོད་ནང་བཙན་འཛུལ་བྱས་པ་ནས་བཟུང་ད་བར་མུ་མཐུད་ནས་ཆབ་སྲིད་ཀྱི་དམ་བསྒྲགས་བྱེད་བཞིན་པར་ཞི་བའི་ངོ་རྒོལ་ཁྲོམ་སྐོར་དང་གོམ་བགྲོད་གོ་སྒྲིག་ཞུས་ཡོད། སྐབས་དེར་ཨོ་སྟྲེ་ལི་ཡའི་ཆབ་སྲིད་པ་གྲགས་ཅན་མང་པོ་དང་། བོད་དོན་རྒྱབ་སྐྱོར་བ་གྲོས་ཚོགས་འཐུས་མི་ཟུར་པ་ལྕམ་ཇེ་ནེཊ་རེ་སི་ལགས་དང་། ཁྲིམས་དོན་སྤྱི་ཁྱབ་པ་ཤེན་རེ་ཊེན་བཱུ་རི་ལགས། བོད་ཀྱི་གྲོགས་པོ་བཅས་ཀྱིས་ས་གནས་སོ་སོར་བོད་མི་ཚོ་དང་མཉམ་དུ་དུས་དྲན་སྲུང་བརྩི་ཞུ་བར་མཉམ་ཞུགས་གནང་ཡོད་པ་བཅས།།