
ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀ་ཙམ་ལ་ཡུ་རོབ་བོད་དང་མཉམ་དུ་ཡོད་ཟེར་བའི་གཞི་རྒྱ་ཆེ་བའི་ལས་འགུལ་ནི་དར་ལེནྜའི་གྲོང་ཁྱེར་ཧ་ཀིལ་དུ་སྤེལ་ཡོད་པ་དང་། ལས་འགུལ་དེའི་ནང་དུ་ཡུ་རོབ་རྒྱལ་ཁབ་ཁག་ནས་ཡོང་བའི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་སྟོང་ཕྲག་འགའ་མཉམ་ཞུགས་ཀྱི་ཁྲོམ་སྐོར་གནང་ཡོད་པ་དང་། གཞན་རྒྱ་རིགས་ ༡༠༠ ལྷག་ལས་འགུལ་ནང་མཉམ་ཞུགས་གནང་ཡོད། དེ་བཞིན་བོད་ཀྱི་གྲོགས་པོ་གློག་བརྙན་འཁྲབ་སྟོན་པ་རི་ཆཌ་སྒེར་ (Richard Gere) ལགས་དང་། ཨ་རིའི་རྒྱལ་ཡོངས་སི་སྤོལ་རྩེད་འགྲན་པ་ཟུར་པ་ཨི་ནིས་ཀེན་ཊར་ཕྲྀ་ཊོམ་ (Enes Kanter Freedom) ལགས་རྣམ་གཉིས་དངོས་སུ་ལས་འགུལ་ནང་མཉམ་ཞུགས་ཀྱིས་རྒྱབ་སྐྱོར་མཚོན་ཆེད་གཏམ་བཤད་ཀྱང་གནང་ཡོད།
ལོ་གཉིས་རེ་ལ་གོ་སྒྲིག་གནང་བཞིན་པའི་ཡུ་རོབ་བོད་དང་མཉམ་དུ་ཡོད་ཟེར་བའི་གཞི་རྒྱ་ཆེ་བའི་ལས་འགུལ་ཕྱི་ཟླ་ ༣ ཚེས་ ༡༠ ཆུ་ཚོད་ ༡༡།༣༠ ཙམ་ལ་ཧ་ཀིལ་གྲོང་ཁྱེར་གྱི་ (Koekamp) གླེང་ག་ནས་འགོ་འཛུགས་གནང་སྟེ་རྒྱལ་སྤྱིའི་ཁྲིམས་ཁང་བརྒྱུད་རྒྱ་ནག་གཞུང་ཚབ་ཁང་གི་མདུན་བར་ཁྲོམ་སྐོར་ངོ་རྒོལ་གཞི་རྒྱ་ཆེན་པོ་གནང་ཡོད། གཞི་རྒྱ་ཆེ་བའི་ལས་འགུལ་ནང་དུ་རྒྱ་རིགས་ ༡༠༠ ལྷག་མཉམ་ཞུགས་ཐོག་ཁོ་ཚོའི་འཕྲེད་དར་ཐོག་རྒྱ་དམར་ནས་བོད་པར་མནར་གཅོད་དང་སྡུག་པོ་གཏོང་མཚམས་འཇོག་དགོས། གཅིག་སྒྲིལ་གྱིས་རྒྱ་དམར་གྱི་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ། ཆོས་དར་རང་དབང་སྲུང་སྐྱོབ་བྱ་དགོས། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་སོགས་བྲིས་པ་བཟུང་ནས་ཁྲོམ་སྐོར་ལ་མཉམ་ཞུགས་གནང་ཡོད། རྒྱ་རིགས་དེ་དག་ནི་ཆོས་དད་ཀྱི་དབང་གིས་རྒྱ་ནག་གཞུང་གིས་འཛིན་བཟུང་དང་དམ་དྲག་སོགས་ཀྱི་དཀའ་ངལ་གྱིས་ཕྱིའི་རྒྱལ་ཁབ་དུ་ཡོང་བའི་ཡེ་ཤུའི་ཆོས་ལུགས་པ་ཡིན། ད་རེས་ཡུ་རོབ་བོད་དང་མཉམ་དུ་ཡོད་ཟེར་བའི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་རྒྱ་རིགས་རྣམས་ནི་ནི་དར་ལེནྜ་དང་བེལ་ཇི་ཡམ་གཉིས་ནས་ཡོང་བ་ཡིན་ལ། གཞན་སུད་སི་ཀྱི་གྲོང་ཁྱེར་ཛུ་རིག་ནང་གསུམ་བཅུའི་དུས་དྲན་མཛད་སྒོར་མཉམ་ཞུགས་བྱེད་མཁན་རྒྱ་རིགས་རྣམས་ནི་སུད་སི་ནང་གནས་སྡོད་མཁན་ཁོ་ན་ཡིན། །