
དེ་ཡང་སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་གི་སྣེ་ཁྲིད་འོག་སུད་སི་གྲོང་ཁྱེར་ཛུ་རིག་ས་གནས་ཝེརཌ་མུས་ལེ་པལཛ་ (werdmühleplatz-Zurich) ཐང་དུ་བོད་མི་རྣམས་ལྷན་འཛོམས་གནང་སྟེ། བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་ངག་བཅད་དང་། དེ་རྗེས་སུད་སི་བོད་རིགས་མི་མང་གྱི་ཕྱི་འབྲེལ་འགན་འཛིན་ཀ་རྣམ་སྡེ་བ་ལགས་ནས་གསུང་བཤད་གནང་། དེ་བཞིན་སུད་སི་སྐུ་ཚབ་དོན་ཁང་གྱི་ལས་བྱེད་བསྟན་འཛིན་ཆོས་བཟང་ལགས་ཀྱིས་ཉིན་མོ་དང་འབྲེལ་བཀའ་ཤག་གི་གསུང་འཕྲིན་སྙིང་བསྡུས་འགྲེལ་བརྗོད་གནང་། གཞན་ཡང་ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ཟུང་འབྲེལ་ཚོགས་གཙོ་ཨ་རྱ་ཨ་མི་པ་ (Arya Amipa) ལགས་དང་། སུད་བོད་མཐུན་གྲོགས་ཚོགས་པའི་རྒྱུན་ལས་ནོར་སྒྲོན་པདྨ་ལགས། ཡི་ཤུའི་ཆོས་བརྒྱུད་ཀྱི་ཚོགས་མི་ཞི་ཡིང་ཞེ་ (Ms.Shi Qingxia) ལགས་བཅས་ནས་ཀྱང་གསུང་བཤད་གནང་ཡོད། སུད་སིར་གནས་སྡོད་བོད་མི་རྣམས་ནས་ཛུ་རིག་ས་གནས་ (werdmühleplatz-Zurich) ནས་རྒྱ་ནག་གཞུང་ཚབ་ཁང་བར་བོད་ཀྱི་རྒྱལ་དར་དང་། འཕྲད་དར་འཕྱར་ཏེ་ཞི་རྒོལ་སྐད་འབོད་གནང་ཡོད་པ་དང་། རི་ཀོན་ཆོས་འཁོར་དགོན་གྱི་སྣེ་ཁྲིད་འོག་༸རྒྱལ་བའི་ཞབས་བརྟན་དང་བདེན་ཚིག་སྨོན་ལམ་གསུང་འདོན་གནང་ཡོད།
གཞན་ཡང་ཇར་མ་ནཱི་ནང་དུ་ཇར་འཁོད་བོད་རིགས་ཚོགས་པ་ནས་ཇར་མ་ནཱི་རྒྱལ་ས་སྦར་ལིན་དུ་བོད་མི་རྣམས་འདུ་འཛོམས་ཀྱིས་དུས་དྲན་སྲུང་བརྩི་གནང་ཡོད་པ་དང་། མཛད་སྒོའི་ཐོག་ཇར་མན་གྲོས་ཚོགས་འཐུས་མི་མའེ་ཀལ་བྷ་རན་ཌ་ (Michael Brand) ལགས་ཕེབས་ཞུགས་ཀྱིས་གསུང་བཤད་གནང་ཡོད། ཉིན་དེར་བོད་མི་རྣམས་ནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་གནང་ཡོད། གཞན་ཡང་ཇར་མ་ནཱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་མི་རྣམས་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ ཉིན་མོ་སྲུང་བརྩི་ཞུས་ཡོད།
ཕྱོགས་མཚུངས་ཨི་ཌ་ལཱི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ཨི་ཌ་ལཱི་རྒྱལ་ས་རོམ་དུ་བོད་མི་རྣམས་འདུ་འཛོམས་ཀྱི་གསུམ་བཅུའི་དུས་དྲན་སྲུང་བརྩི་གནང་ཡོད་པ་དང་། སྐབས་དེར་ཨི་ཊ་ལཱིའི་གྲོས་ཚོགས་གོང་མའི་འཐུས་མི་ཨན་ཌི་རེ་ (Andrea de Priamo) ལགས་དང་། ཨི་ཊ་ལཱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་སོགས་ལྷན་ཞུགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད།
དེ་བཞིན་ཨོ་སོ་ཌོ་རི་ཡ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ཡུལ་དེར་གནས་སྡོད་བོད་མི་རྣམས་ནས་རྒྱ་ནག་གཞུང་ཚབ་ཁང་བར་གོམ་བགྲོད་ཀྱིས་ལས་འགུལ་སྤེལ་གནང་ཡོད། ཕྱོགས་མཚུངས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་བོད་དོན་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༦ པ་སྲུང་བརྩི་ཞུས་ཡོད་པ་བཅས། །