༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༧ ཉིན་ལྡི་ལིར་རྟེན་གཞི་བྱས་པའི་འབྲས་སྤུངས་བློ་གསལ་གླིང་བྱང་ཆུབ་ཆོས་གླིང་དུ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་ལུང་རྟོགས་འཕྲིན་ལས་ཆོས་འཕགས་དཔལ་བཟང་པོའི་ཞལ་སྔ་ནས་ལམ་གཙོ་རྣམ་གསུམ་དང་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས། དེ་བཞིན་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུས་ཤིང་། སྐབས་དེའི་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་མགྲོན་འབོད་ལྟར་ཆེད་ཕེབས་གནང་ཡོད།
དེ་ཡང་སྔ་དྲོའི་ཕྱག་ཚོད་ ༩།༣༠ ཐོག་བརྟན་བཞུགས་བཅར་མཁན་ཡོངས་ནས་སེར་སྦྲེངས་བསྟར་སྒྲིག་གིས་རིན་པོ་ཆེ་མཆོག་གདན་ཞུས་དང་བཞུགས་ཁྲིར་འཁོད་མཚམས་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་ཟུར་དགེ་བཤེས་བློ་བཟང་བསམ་གཏན་མཆོག་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་རིན་པོ་ཆེ་མཆོག་ནས་བཀའ་ཆོས་དབུ་འཛུགས་གནང་།
ཐོག་མར་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་གནང་ཞིང་། དེ་ནས་ལམ་གཙོ་རྣམ་གསུམ་གྱི་བཤད་ལུང་གནང་། ཉེ་ལམ་བོད་ནང་སྟོད་དིང་རི་གཙོ་བོར་གྱུར་པའི་བོད་ཀྱི་ས་ཁུལ་ཁག་ཏུ་ས་ཡོམ་རྐྱེན་པས་མི་རྒྱུ་གཉིས་ལ་གོད་ཆག་ཚབས་ཆེ་བྱུང་བ་དང་། ༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་ལྷ་སྲས་རྒྱ་ལོ་དོན་གྲུབ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ལ་དམིགས་ཏེ་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་མཎིའི་ལུང་བསྩལ་གནང་གིས་མཎིའི་གཟུངས་སྔགས་གསོག་སྒྲུབ་གནང་ཡོད། དེ་རྗེས་བླང་དོར་བཀའ་སློབ་བསྩལ་གནང་མཛད་དེ་བརྟན་བཞུགས་དངོས་སུ་དབུ་འཛུགས་གནང་།
བརྟན་བཞུགས་སྐབས་ཐོག་མར་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ནས་གསོལ་འདེབས་མཎྜལ་འདེགས་འབུལ་དང་། དེ་ནས་རིམ་པས་བོད་མི་མང་སྤྱི་འཐུས་རྒྱུན་ལས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་ལགས་དང་། དེ་ནས་བོད་མི་མང་སྤྱི་འཐུས་དགེ་བཤེས་གོ་བོ་བློ་བཟང་ཕན་བདེ་ལགས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཱཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་བཅས་ནས་གསོལ་འདེབས་མཎྜལ་འདེགས་འབུལ་ཞུས་གྲུབ་རྗེས་ཆོས་ཞུ་བ་མི་མང་ཡོངས་ལ་མཇལ་ཁ་བཏང་སྟེ་བརྟན་བཞུགས་ཀྱི་མཛད་རིམ་ལེགས་པར་གྲུབ་པ་བཅས།། །།