༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༣ ཚེས་ ༠༧ ཉིན་ཨོ་སྟྲེ་ལི་ཡ་སྐུ་ཚབ་དོན་ཁང་ནས་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་ཐེངས་ ༦༦ སྲུང་བརྩི་ཞུ་རྒྱུ་དང་། ༸སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ལ་ཆེ་བསྟོད་དང་རྗེས་དྲན་ཞུ་ཆེད་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་བགྲོ་གླེང་ཚོགས་འདུ་འདི་ནི་བྷིལ་ཀི་རི་ཡུ་ཐེབས་རྩའི་ (Rev. Bill Crews Foundation) གྱི་མཐུན་འགྱུར་འོག་ཡེ་ཤུའི་ལྷ་ཁང་དུ་གོ་སྒྲིག་གནང་ཞིང་། སྐབས་དེར་སི་ཌི་ནི་བོད་རྒྱ་མཛའ་འབྲེལ་ཚོགས་པ་དང་། ཨོ་གླིང་བོད་དོན་ལྷན་ཚོགས། ཨོ་སྟྲེ་ལི་ཡ་དང་ནིའུ་ཛི་ལེནྜ་རྒྱ་ནག་གཞུང་འོག་གནོད་འཚེ་ཕོག་པའི་མི་སྣའི་མཐུན་ཚོགས། རྒྱ་ནག་མང་གཙོ་མཐུན་ཚོགས། ཨོ་སྟྲེ་ལི་ཡའི་ཐའེ་ཝན་ལྷན་ཚོགས། དེ་བཞིན་སི་ཌི་ནི་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ཀྱི་སྐུ་ཚབ་མི་སྣ་ ༣༠ ལྷག་ཙམ་མཉམ་ཞུགས་གནང་ཡོད།ཐོག་མར་ཨོ་གླིང་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཟླ་བ་བཟང་མོ་ལགས་ཀྱིས་སྐུ་མགྲོན་རྣམས་ལ་འཚམས་འདྲི་དང་སྦྲགས། དུས་དྲན་འདིའི་གལ་གནད་སྐོར་ངོ་སྤྲོད་གནང་། དེ་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཟུར་པ་བསྟན་འཛིན་བདེ་ལྡན་ལགས་ཀྱིས་བོད་མིའི་འཐབ་རྩོད་ཀྱི་ངོ་སྤྲོད་དང་། སྐུ་གཤེགས་རྒྱལ་ལོ་དོན་གྲུབ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་ཀྱི་རང་དབང་འཐབ་རྩོད་ཆེད་དུ་སྐུ་ངལ་བསྐྱོན་གནང་བའི་སྐོར་འགྲེལ་བརྗོད་གནང་ཡོད།
དེ་རྗེས་ཨོ་སྟྲེ་ལི་ཡ་དང་ནིའུ་ཛི་ལེནྜ་རྒྱ་ནག་གཞུང་འོག་གནོད་འཚེ་ཕོག་པའི་མི་སྣའི་མཐུན་ཚོགས་ཀྱི་ཚོགས་གཙོ་སློབ་དཔོན་ཆོང་ཡི་ཕེང་ལགས་ཀྱིས་རྒྱ་རིགས་ཤིག་ཡིན་པའི་ཆ་ནས་དགོངས་སེལ་ཞུས་པ་དང་། རྒྱ་ནག་གི་ཁྲིམས་འགལ་དབང་བསྒྱུར་ལ་ངོ་རྒོལ་བྱེད་མཁན་བོད་པའི་དཔའ་བོ་དཔའ་མོ་རྣམས་ལ་གུས་འདུད་ཞུས་གནང་ཡོད།དེ་བཞིན་ཨོ་སྟྲེ་ལི་ཡ་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ལྕམ་ཛོ་བྷེཌ་ཕོཊ་ལགས་ཀྱིས་གསུང་བཤད་གནང་སྐབས་འཛམ་གླིང་ནང་རྩོད་རྙོག་ཇེ་མང་དུ་འགྲོ་བཞིན་པའི་སྐོར་དང་། རྒྱ་ནག་གི་གུང་ཁྲན་རིང་ལུགས་ཀྱི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པའི་སྐོར་གསུངས། ཁོང་མོས་རྒྱལ་སྤྱིའི་སྤྱི་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་ལངས་ཕྱོགས་ཤུགས་ཆེར་འཛིན་དགོས་པའི་འབོད་སྐུལ་གནང་ཡོད།
གཞན་ཡང་སྐབས་དེར་གསུང་བཤད་གནང་མཁན་ཁྲོད་ཉེ་ཆར་གསར་དུ་བཙུགས་པའི་ཨོ་སྟྲེ་ལི་ཡ་ཐའེ་ཝན་ལྷན་ཚོགས་ཀྱི་དྲུང་ཆེ་ཨ་ལིན་ལགས་དང་། སི་ཌི་ནི་བོད་རིགས་སྤྱི་མཐུན་ཚོགས་པའི་དྲུང་ཆེ་འཕྲིན་ལས་རྒྱ་མཚོ་ལགས་བཅས་ཕེབས་ཞུགས་གནང་ཡོད།
མཐར་སྐུ་གཤེགས་བཀའ་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་བཟུང་འོག་བོད་ཀྱི་རང་དབང་ཆེད་སྐུ་སྲོག་བློས་གཏོང་གནང་བའི་བོད་པའི་དཔའ་བོ་དཔའ་མོ་ཡོངས་ལ་རྗེས་དྲན་ཞུ་བའི་སླད་དུ་མར་མེའི་མཆོད་འབུལ་མཛད་སྒོ་ཞིག་དང་མཉམ་དུ་མཇུག་སྒྲིལ་བ་བཅས།།