
དེ་ཡང་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་ཨེས་ཏོ་ནི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇུ་ཀུ་ཀེ་ལེ་རེཌ་མཆོག་གིས་ཨེསི་ཏོ་ནི་ཡས་བོད་དོན་ཐོག་ལངས་ཕྱོགས་བསྐྱར་ནན་གནང་བ་དང་། རྒྱ་ནག་གི་བརྗོད་ལུགས་ལ་ཁ་གཏད་གཅོག་ཆེད་རྒྱལ་སྤྱིའི་སྤྱི་ཚོགས་ནས་སྐད་ཤུགས་ཆེན་པོས་གསུང་དགོས་པའི་འབོད་སྐུལ་ཞུས་པ་དང་འབྲེལ་རང་དབང་ལྡན་པའི་འཛམ་གླིང་ནས་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པ་མང་བ་མེད་པར་ཐུགས་ཕམ་ཡོད་པ་གསུངས་པ་མ་ཟད། རྒྱ་ནག་གི་རྒྱ་ནག་གཅིག་གི་སྲིད་བྱུས་ཀྱིས་འཛམ་གླིང་གི་འགོ་ཁྲིད་རྣམས་ལ་འཇིགས་སྣང་སྐུལ་བཞིན་ཡོད་པ་ནན་བརྗོད་གནང་ཡོད།
དེ་རྗེས་སོ་ལོ་ཝ་ཀི་ཡའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཨན་དེ་རེ་ཇི་ཀི་སི་ཀ་མཆོག་གིས་བོད་དང་མཉམ་དུ་མཐུན་སྒྲིལ་ཡོད་པ་བསྐྱར་ནན་གནང་བ་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཁོང་བར་གྱི་སྒེར་གྱི་འབྲེལ་བ་གཏིང་ཟབ་པོ་དང་། བོད་དང་བོད་མི་ལ་ཡུན་རིང་རྒྱབ་སྐྱོར་གནང་བའི་སྐོར་འགྲེལ་བརྗོད་གནང་ཡོད། ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཀྱིས་ཁོང་གི་མི་ཚེ་དང་། བོད་ཀྱི་ལོ་རྒྱུས། བོད་མིའི་ཡུན་རིང་འཐབ་རྩོད་ཐོག་གོ་རྟོགས་དང་ཤུགས་རྐྱེན་ཐེབས་པའི་སྐོར་གསུངས་ཡོད།
དེ་བཞིན་ལོ་ངོ་ ༡༦ ཙམ་གྱི་སྔོན་དུ་སོ་ལོ་ཝ་ཀི་ཡའི་རྒྱལ་ས་བྷི་ར་ཊི་སི་ལ་ཝ་རུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་བྱུང་བ་དང་། དེའི་སྐབས་ཀྱི་སྐུ་པར་དེ་རྒྱུན་དུ་དངུལ་ཁུག་ནང་འཁྱེར་བཞིན་ཡོད་ཅེས་གསུངས་ཤིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཨན་དེ་རེ་ཇི་ཀི་སི་ཀ་མཆོག་གིས་འབྲས་ནད་དང་འཐབ་རྩོད་བྱེད་པའི་བྱིས་པ་ཚོར་རོགས་རམ་བྱེད་ཆེད་བཙུགས་པའི་ “གུཌ་ཨེན་ཇེལ་” གྱི་སྦྱིན་བདག་ཚོགས་པའི་རྟགས་མ་ཞིག་ཀྱང་གྱོན་གནང་ཡོད་སྐོར་དང་། དེའི་སྐབས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལ་བརྟེན་ནས་ཁོང་གི་མི་ཚེའི་དམིགས་ཡུལ་གཙོ་བོ་ནི་གཞན་ལ་རོགས་པ་བྱེད་རྒྱུ་ཡིན་པ་ཤེས་རྟོགས་བྱུང་སྐོར་གསུངས།
གཞན་ཡང་ཁོང་གིས་༸གོང་ས་མཆོག་སྐུ་སྒེར་ངོས་ནས་གུཌ་ཨེན་ཇེལ་ཚོགས་པར་མཐུན་འགྱུར་གནང་ཡོད་པ་མ་ཟད། མགོན་པོ་གང་ཉིད་མཆོག་ང་ཚོའི་རྒྱལ་ཁབ་ཏུ་ཆིབས་བསྒྱུར་གནང་སྐབས། ངོས་ཀྱང་ཁྱེད་ཚོའི་བྱིས་པ་ཚོར་རོགས་པ་བྱེད་འདོད་ཡོད། ཅེས་གསུངས་ཡོད། དེ་ནས་པི་རག་ཏུ་ཚོགས་འདུ་ཞིག་གི་སྐབས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཅེག་སྤྱི་མཐུན་རྒྱལ་ཁབ་ནས་དངུལ་གྱི་རོགས་སྐྱོར་ཞིག་འབྱོར་རྒྱུའི་རེ་བ་ཡོད་པ་དང་དེ་ང་ཚོའི་སྦྱིན་བདག་ལ་རྩིས་སྤྲོད་བྱེད་དགོས་པའི་སྐོར་གསུངས། ༸གོང་ས་མཆོག་ནི་སི་ལོ་ཝ་ཀི་ཡའི་ང་ཚོའི་བྱིས་པ་ཚོའི་ཆེད་དུ་ ‘གུཌ་ཨེན་ཇེལ་’ ཞིག་ཡིན། ཞེས་གསུངས།
དེ་བཞིན་ཁོང་གིས་བོད་མི་ཚོས་གདོང་ལེན་བྱེད་དགོས་པའི་དྲང་བདེན་མ་ཡིན་པའི་གནས་སྟངས་ལ་ངོ་རྒོལ་སྐད་འབོད་བྱེད་དགོས་པའི་འབོད་སྐུལ་ཞུས་སྐབས་ང་ཚོས་བོད་ནང་གི་གནས་སྟངས་སྐོར་སྐད་ཤུགས་ཆེན་པོས་དྲིལ་བསྒྲགས་བྱེད་དགོས། ང་ཚོས་འཛམ་གླིང་གིས་བོད་ཀྱི་འཐབ་རྩོད་ཀྱི་བདེན་པའི་གནས་སྟངས་ངོས་འཛིན་ཡོང་བར་རོགས་པ་བྱེད་དགོས། ཞེས་ནན་བཤད་གནང་།
དེ་མཚུངས་ཁོང་གཉིས་ནས་བོད་ཐོག་ལངས་ཕྱོགས་ཤུགས་ཆེ་འཛིན་དགོས་པ་དང་། རྒྱ་ནག་གིས་བདེན་པ་གནོན་ཐབས་བྱེད་པར་ངོ་རྒོལ་བྱེད་དགོས་པའི་སྐོར་རྒྱལ་སྤྱིའི་སྤྱི་ཚོགས་དང་། ལྷག་པར་ཡུ་རོབ་ངོས་ནས་བོད་དོན་ཐོག་རྒྱབ་སྐྱོར་བརྟན་པོ་དགོས་པ་ནན་བརྗོད་གནང་། ཁོང་ཚོས་བོད་མི་ཚོར་ཁྱེད་ཚོ་གཅིག་པུ་མིན་པ་དང་། ཁྱེད་ཚོའི་འཐབ་རྩོད་ནང་རང་དབང་ལུང་པའི་ནང་རྒྱབ་སྐྱོར་གྱི་སྐད་ཤུགས་མུ་མཐུད་ནས་འཕེལ་བཞིན་ཡོད་སྐོར་གསུང་རྗེས་གསར་འགོད་པའི་དྲི་བར་ ལན་འདེབས་གནང་ཡོད་པ་བཅས།།