༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཨ་རིའི་མངའ་སྡེ་ནིའུ་འཇར་སི་ཁོངས་གཏོགས་ཤར་རཱ་ཐར་ཕོར་ཌི་ (East Rutherford) ཞེས་པའི་གྲོང་སྡེ་ལས་ཁུངས་ནས་ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༨ ཉིན་གྲོང་སྡེ་ལས་ཁུངས་ཀྱི་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཤར་རཱ་ཐར་ཕོར་ཌི་ (East Rutherford) ཞེས་པ་ནི་ཨ་རིའི་མངའ་སྡེ་ནིའུ་འཇར་སི་ནང་ཡོད་པའི་གྲོང་སྡེ་ཆུང་ཆུང་ཞིག་ཡིན་པ་དང་། གྲོང་སྡེ་དེར་ཕྱི་ལོ་ ༢༠༠༨ ལོ་ཙམ་ནས་བོད་མི་ཁྱིམ་ཚང་ཁ་ཤས་སྤོ་འགོ་ཚུགས་ཤིང་། དེ་རྗེས་རིམ་བཞིན་སྤོ་མཁན་མང་དུ་ཕྱིན་ཏེ་དེང་སང་བོད་མི་གནས་སྡོད་བྱེད་མཁན་ཧ་ཅང་མང་པོ་ཡོད་པ་དང་། ཕྱིས་སུ་བོད་ཀྱི་སོན་རྩ་ཞེས་པའི་ཚོགས་པ་ཞིག་བཙུགས་ཡོད་པ་དེས། ཁུལ་དེའི་བོད་ཕྲུག་ཚོར་དམིགས་པའི་གཟའ་མཇུག་སློབ་གྲྭ་ཞིག་བཙུགས་འདུག བོད་ཀྱི་སོན་རྩ་ཚོགས་པའི་ཚོགས་གཙོ་ཀུན་བཟང་རྡོ་རྗེ་ལགས་ནས་འདི་གར་ངོ་སྤྲོད་གནང་བར་གཞིགས་ན། ས་གནས་འདིའི་བོད་མི་དང་ཤར་རཱ་ཐར་ཕོར་ཌི་གྲོང་སྡེ་ལས་ཁུངས་བར་འབྲེལ་ལམ་ཡག་པོ་ཡོད་པ་དང་། སྔ་ལོའི་གསུམ་བཅུའི་དུས་དྲན་སྐབས་ང་ཚོས་རེ་སྐུལ་དང་འབད་བརྩོན་བྱས་པ་བཞིན་གྲོང་སྡེ་ལས་ཁུངས་ཀྱི་མདུན་དུ་གཞུང་འབྲེལ་ཐོག་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་རྒྱུའི་ཐག་གཅོད་གནང་བ་དང་། འདི་ལོ་ཡང་ཐག་གཅོད་དེ་རང་གནང་སྟེ། ཉེ་ཆར་ཕྱི་ཟླ་ ༣ ཚེས་ ༨ ཉིན་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་གྲོང་སྡེ་ལས་ཁུངས་ཀྱི་མདུན་དུ་ཤར་རཱ་ཐར་ཕོར་ཌི་གྲོང་སྡེའི་སྤྱི་ཁྱབ་སྐུ་ཞབས་ཇཕ་རི་ལཱ་ཧུ་ལི་ཡར་ (Jeffrey Lahullier) ལགས་ཀྱིས་ཟླ་བ་ ༣ ཚེས་ ༨ ཉིན་ནི་བོད་ཀྱི་ཉིན་མོར་སྲུང་བརྩི་གནང་རྒྱུའི་གསལ་བསྒྲགས་གནང་རྗེས་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ནེ་ལི་པུ་ (Nellie Pou) ལགས་དང་། གྲོང་སྡེའི་སྤྱི་ཁྱབ་སྐུ་ཞབས་ཇཕ་རི་ལཱ་ཧུ་ལི་ཡར་ (Jeffrey Lahullier) ལགས་གཉིས་ཀྱིས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་།
རྒྱལ་དར་སྒྲེང་འཛུགས་མཛད་སྒོར་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས། སྐུ་ཚབ་དོན་གཅོད་ཁང་གི་བོད་རིགས་འབྲེལ་མཐུད་པ། ནིའུ་ཡོག་དང་ནིའུ་འཇར་སི་ཁུལ་གྱི་མི་མང་། མཛད་སྒོ་གྲ་སྒྲིག་གནང་མཁན་བོད་ཀྱི་སོན་རྩ་ཚོགས་པའི་རྒྱུན་ལས་བཅས་མི་གྲངས་བརྒྱ་ལྷག་གི་ཤར་རཱ་ཐར་ཕོར་ཌི་ (East Rutherford) གྲོང་སྡེ་ལས་ཁུངས་ཀྱི་འབྲེལ་ཡོད་དཔོན་རིགས་ཁག་ཅིག་ཀྱང་མཉམ་ཞུགས་གནང་།
མཛད་སྒོའི་སར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ནེ་ལི་པུ་ (Nellie Pou) ལགས་དང་། ཤར་རཱ་ཐར་ཕོར་ཌི་ (East Rutherford) གྲོང་སྡེའི་སྤྱི་ཁྱབ་སྐུ་ཞབས་ཇཕ་རི་ལཱ་ཧུ་ལི་ཡར་ (Jeffrey Lahullier) ལགས་གཉིས་ཀྱིས་བོད་དང་བོད་མིར་རྒྱབ་སྐྱོར་གྱི་གསུང་བཤད་མདོར་བསྡུས་རེ་གནང་བ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་དམིགས་བསལ་གྱི་གདེང་འཇོག་གནང་ཡོད།
ཚེས་ ༨ ཉིན་གྱི་དགོང་མོར་བོད་ཀྱི་སོན་རྩ་ཚོགས་པས་ཤར་རཱ་ཐར་ཕོར་ཌི་ (East Rutherford) གྲོང་སྡེ་ལས་ཁུངས་ཀྱི་ཚོགས་ཁང་ནང་ས་གནས་དེའི་བོད་མི་རྣམས་མཉམ་འཛོམས་ཀྱིས་ཤིང་སྦྲུལ་ལོ་གསར་གྱི་སྲུང་བརྩིའི་འདུ་འཛོམས་སྐབས་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ནེ་ལི་པུ་ (Nellie Pou) ལགས་དང་། སྐུ་ཞབས་ཇཕ་རི་ལཱ་ཧུ་ལི་ཡར་ (Jeffrey Lahullier) ལགས་སོགས་ས་གནས་གྲོང་སྡེ་ལས་ཁུངས་ཀྱི་དཔོན་རིགས་རྣམས་སྐུ་མགྲོན་དུ་ཕེབས་ཡོད་པ་མ་ཟད། ལྕམ་ནེ་ལི་པུ་ (Nellie Pou) ལགས་ཀྱིས་བོད་མིར་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།