༢༠༡༢ ཟླ་་༣ ཚེས་༢༡ རེས་གཟའ་ལྷག་པ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༡ ཉིན་བཏང་གནས་ནང་འཁོད་དོན། འདི་ཟླའི་ཕྱི་ཚེས་ ༧ ནས་ཉིན་གསུམ་གྱི་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ཀྱིས་གསར་དུ་བོད་སྒྱུར༌ཞུས་པའི་འཛིན་རིམ་དགུ་པའི་ཚན་རིག་སློབ་དེབ་ལ་མཐའ་མའི་བསྐྱར་ཞིབ་དང་གཏན་འབེབས་བྱེད་པའི་ཚོགས་འདུ་ཞིག་ཚོགས་ཡོད། ཉིན་གསུམ་གྱི་ཚོགས་འདུའི་དུས་ཡུན་རིང་ཤེས་རིག་ལས་ཁུངས་ཀྱི་སློབ་དེབ་རྩོམ་སྒྲིག་འགོ་ལས་དང། སམ་བྷོ་ཊ། བོད་ཁྱིམ༌གཉིས། དབུས་བོད་སློབ་འཛིན་ཚོགས་བཅས་ཀྱི་འབྲིང་སློབ་ཚན་རིག་གི་དགེ་རྒན་ཁག་གཅིག་བཅས་མཉམ་ཞུགས་གནང་ཡོད།
ཐེངས་འདིའི་སློབ་དེབ་བོད་སྒྱུར་གྱི་ལས་རིམ་ནི། དེ་སྔ་ཕྱི་ལོ་ ༢༠༠༧ ལོར་ཤེས་རིག་ལས་ཁུངས་ནས་གཞི་རིམ་བར་མ་འཛིན་རིམ་དྲུག་པ་ནས་བརྒྱད་པའི་བར་གྱི་ཚན་རིག་སློབ་དེབ་བོད་སྒྱུར་ལས་གཞིའི་འཕྲོ་མཐུད་པ་ཞིག་ཡིན་ཞིང། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་གཏན་འབེབས་བྱེད་བཞིན་པའི་བསླབ་གཞིའི་རྩ་འཛིན་དང་འབྲེལ་ཐོག་ལས་འཆར་གལ་ཆེན་ཞིག་ཀྱང་ཆགས་ཡོད།
སློབ་དེབ་འདི་ཉིད་འདི་ལོ་ཕྱི་ཟླ་དྲུག་པ་ནས་གཞི་རིམ་སློབ་གྲྭ་ཁག་ལ་རིན་མེད་འགྲེམས་སྤེལ་གནང་རྒྱུ་དང། འདི་ལོ་ནས་བཟུང་མུ་མཐུད་འཛིན་རིམ་བཅུ་པའི་ཚན་རིག་སློབ་དེབ་བོད་སྒྱུར་ལས་གཞི་འགོ་འཛུགས་གནང་རྒྱུ་རེད་འདུག་པ་བཅས།།