༄༅། །འདི་གར་སུད་སི་སྐུ་ཚབ་དོན་གཅོད་ལས་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༣ མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༥༨ འཚོགས་བཞིན་པའི་སྐབས་འདིར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ཝོལ་ཀར་ཊར་ཀི་ (Volker Turk) མཆོག་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གལ་ཆེའི་གསུང་བཤད་ཅིག་གནང་ཡོད་པ་དང་། དེའི་ནང་བོད་དང་། ཤར་ཏུར་ཀེ་སི་ཐན། ཧོང་ཀོང་བཅས་ལ་དམིགས་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གལ་ཆེན་ཁག་ཅིག་གསལ་སྟོན་གནང་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ཝོལ་ཀར་ཊར་ཀི་མཆོག་གིས་གསུང་བཤད་ནང་སྔོན་མའི་སྙན་ཐོར་བཀོད་པའི་སེམས་འཚབ་ཆེ་བའི་གནད་དོན་རྣམས་བསྐྱར་ནན་གནང་བ་དང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་དོན་དང་ལྡན་པའི་མདུན་སྐྱོད་བྱེད་དགོས་པའི་འབོད་སྐུལ་ནན་པོ་གནང་ཡོད། ཁོང་གིས་ཁྲིམས་རྩོད་པ་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ། མི་མང་གསར་འགོད་པ་བཅས་རང་སྣང་གང་དྲན་གྱིས་འཛིན་བཟུང་བྱེད་བཞིན་པའི་གནས་སྟངས་ནན་བཤད་གནང་བ་དང་། ལྷག་པར་ཁ་གསལ་མེད་པའི་ཉེས་འཛུགས་བེད་སྤྱོད་བྱས་ནས་བསམ་ཚུལ་མི་མཐུན་པ་རྣམས་ཁ་བཙུམས་པ་དང་། འགྲོ་བ་མིའི་རང་དབང་ལ་དམ་བསྒྲགས་བྱེད་བཞིན་པའི་གནས་སྟངས་ཀྱི་སྐོར་གསུངས།
སྤྱི་ཁྱབ་ཝོལ་ཀར་ཊར་ཀི་མཆོག་གིས་གསུང་བཤད་ནང་བོད་ནི་གནད་དོན་གཙོ་བོ་ཞིག་ཡིན། བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་བསམ་བརྗོད་རང་དབང་དང་། ཆོས་དད་རང་དབང་བཅས་ལ་མུ་མཐུད་དམ་བསྒྲགས་བྱེད་བཞིན་པར་ཧ་ཅང་སེམས་འཚབ་ཡོད་ཚུལ་གསུངས། ལྷག་པར་བོད་ཀྱི་རིག་གཞུང་དང་ངོ་བོར་གནོད་སྐྱོན་གཏོང་བའི་ཤེས་ཡོན་སྲིད་བྱུས་ཁག་གི་སྐོར་ལ་དོ་སྣང་གནང་བ་དང་། དེ་ལྟ་བུའི་ཐབས་བྱུས་དང་ཁྱབ་ཆེ་བའི་སྤྱི་ཚོགས་དམ་བསྒྲགས་ཀྱིས་ས་གནས་དེར་གནས་པའི་བོད་མི་ཚོའི་ཐོབ་ཐང་དང་རང་དབང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་པའི་སྐོར་གསུངས།
དེ་བཞིན་ཧོང་ཀོང་གི་གནས་སྟངས་དང་འབྲེལ་བའི་ཐོག་ནས་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཀྱི་ཁྱབ་ཁོངས་ལག་བསྟར་སྐོར་གསུངས་པ་དང་། འདི་དག་ནི་མི་མང་སྤྱི་ཚོགས་ལ་དམ་བསྒྲགས་བྱེད་པ་དང་ཆབ་སྲིད་ཀྱི་རང་དབང་ལ་ཚོད་འཛིན་བྱེད་པར་བེད་སྤྱོད་བྱེད་བཞིན་ཡོད་ཅེས་དང་། ཁོང་གིས་ཁྲིམས་ལུགས་འདི་དག་ནི་དམིགས་བསལ་རང་སྐྱོང་ས་ཁུལ་ནང་གི་སྨྲ་བརྗོད་རང་དབང་དང་བསམ་བརྗོད་རང་དབང་ལ་དམ་བསྒྲགས་བྱེད་པའི་ཆེད་དུ་མང་གཙོར་རྒྱབ་སྐྱོར་བྱེད་མཁན་གྱི་སྐད་ཆ་རྣམས་ཁ་བཙུམས་པའི་ལག་ཆ་གལ་ཆེན་ཞིག་ཡིན་པའི་སྐོར་ནན་བཤད་གནང་ཡོད།
ཤར་ཏུར་ཀེ་སི་ཐན་གྱི་གནས་སྟངས་ཐོག་ནས་རྒྱལ་སྤྱིའི་ངལ་རྩོལ་ལས་ཁུངས་ཀྱི་ཉེ་ཆར་སྤེལ་བའི་སྙན་ཐོ་ཞིག་ལུང་འདྲེན་གནང་ཡོད་པ་དང་། དེའི་ནང་ས་གནས་དེར་དྲག་སྤྱོད་རིང་ལུགས་ལ་གདོང་ལེན་བྱེད་པའི་ཐབས་ལམ་དང་ངལ་རྩོལ་ལས་གཞི་ཁག་ལ་ཞིབ་འཇུག་བྱས་ཡོད། ཝོལ་ཀར་ཊར་ཀི་མཆོག་གིས་ཤར་ཏུར་ཀེ་སི་ཐན་ནང་རུ་ཧྲེའུ་མི་རིགས་དང་གྲངས་ཉུང་མི་རིགས་གཞན་པ་ཚོར་མུ་མཐུད་ནས་ལམ་ལུགས་དང་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནས་སྟངས་མངོན་གསལ་དོད་པོས་གསུངས། ཁོང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བ་དེ་དག་དང་འབྲེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་རིང་པོའི་རྒྱབ་གཉེར་ཁག་ལ་རྒྱ་ནག་གིས་གདོང་ལེན་བྱེད་དགོས་པའི་དགོས་འདུན་བཏོན་པ་དང་། འགན་འཁྲི་དང་མདུན་སྐྱོད་ཡོང་བར་ངེས་བརྟན་བཟོ་ཆེད་རྒྱལ་སྤྱིའི་དོ་སྣང་ཆེ་རུ་གཏང་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་ཡོད།
མཇུག་བསྡོམས་གསུང་བཤད་སྐབས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཝོལ་ཀར་ཊར་ཀི་མཆོག་གིས་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་ནག་དང་མུ་མཐུད་འབྲེལ་བ་བྱ་རྒྱུའི་དམ་བཅའ་བསྐྱར་ནན་གནང་བ་དང་ཆབས་ཅིག་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་ཛ་དྲག་གནད་དོན་དེ་དག་ཐག་གཅོད་ཆེད་དངོས་སུ་ལག་བསྟར་བྱ་དགོས་པའི་འབོད་སྐུལ་གནང་ཡོད། ཁོང་གིས་ཁྱབ་ཁོངས་དེ་དག་ནང་ཡར་རྒྱས་གཏོང་རྒྱུ་ནི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་བྱ་རྒྱུར་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་ནན་བརྗོད་གནང་ཡོད།
སུད་སི་སྐུབ་ཚབ་དོན་གཅོད་འཕྲིན་ལས་ཚོས་སྐྱིད་ལགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ཝོལ་ཀར་ཊར་ཀི་མཆོག་གི་གསུང་བཤད་ལ་དགའ་བསུ་ཞུས་པ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་མུ་མཐུད་དོ་སྣང་གནང་བར་བསྔགས་བརྗོད་ཞུས་ཡོད། སུད་སི་སྐུ་ཚབ་དོན་ཁང་ནས་བོད་མི་དང་རྒྱ་ནག་ནང་གི་དཀའ་ངལ་འཕྲད་བཞིན་པའི་སྡེ་ཚན་གཞན་དག་ལ་དོན་དང་ལྡན་པའི་ཡར་རྒྱས་ཡོང་ཆེད་རྒྱལ་སྤྱིའི་གནོན་ཤུགས་མུ་མཐུད་ནས་སྤྲོད་དགོས་པའི་གལ་གནད་ཐོག་ནན་བཤད་གནང་།
གོང་གསལ་གསར་འགྱུར་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནང་མུ་མཐུད་འགྲོ་བཞིན་པའི་གྲོས་མོལ་བཅས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་མི་ཚང་མའི་ཆེ་མཐོང་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཆོད་སེམས་བསྐྱར་ནན་བྱེད་ཀྱི་ཡོད། །