༄༅། །བོད་རྒྱལ་ལོ་ ༢༡༥༢ རབ་གནས་ཤིང་སྦྲུལ་ལོའི་ལོ་གསར་ཚེས་ ༢ ཉིན་སྟེ་ཕྱི་ལོ་ ༢༠༢༥ ཟླ་བ་ ༣ ཚེས་ ༡ རེས་གཟའ་སྤེན་པའི་ཉིན་རྒྱབ་ཆུ་ཚོད་གསུམ་པ་ནས་ལྔ་པ་བར་སྦར་སིལ་དུ་རྟེན་གཞི་བྱས་པའི་ནཱ་ལེནྡྲ་དགོན་པར་བེལ་ཇི་ཡམ་ས་གནས་དབུས་གཙང་ཆོལ་ཁ་དང་། ས་གནས་མདོ་སྨད་ཆོལ་ཁ། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག ས་གནས་གཞོན་ནུ་དང་བུད་མེད་ཚོགས་པ་བཅས་ཚོགས་པ་ལྔ་མཉམ་འདུས་ཀྱིས་ལོ་གསར་གྱི་དུས་སྟོན་མང་ཆེ་བ་ཕྱི་བཤོལ་བྱས་ཏེ་ཉེ་ལམ་སྟོད་དིང་རི་ཁུལ་གྱི་ས་ཡོམ་ཁྲོད་ཚེ་སྲོག་ཤོར་བ་དང་། ལྷག་པར་བར་ལམ་སྐུའི་གཅེན་པོ་བཀའ་ཟུར་རྒྱལ་ལོ་དོན་འགྲུབ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་བཅས་ལ་བརྟེན་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་གསུང་འདོན་འདི་གོ་སྒྲིག་གནང་ཡོད།
མཆོད་འབུལ་སྨོན་ལམ་གྱི་གསུང་འདོན་ཐོག་སྦར་སིལ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་དང་ཡུ་རོབ་འབྲེལ་མཐུད་པ་བསྟན་འཛིན་ཕུན་ཚོགས་ལགས་རྣམ་གཉིས་བཅར་ཡོད། གཞན་ཡང་ཧི་མ་ལ་ཡའི་སྒྲོལ་མ་ཆོས་ཚོགས་ཀྱི་འགན་འཛིན་མེ་ཏོག་རིན་པོ་ཆེ་མཆོག་དང་། བཤད་སྒྲུབ་བསྟན་རྒྱས་གླིང་ཆོས་ཚོགས་ཀྱི་འགན་འཛིན་ཚེ་བརྟན་ཕུན་ཚོགས་ལགས། སེ་ར་བྱ་བྲལ་བྱམས་བརྩེ་གླིང་ཆོས་ཚོགས་ཀྱི་དགེ་བཤེས་བཅོ་ལྔ་ཚེ་རིང་ལགས་དང་དགེ་བཤེས་དམ་ཆོས་འོད་ཟེར་ལགས་རྣམ་གཉིས། ཚོགས་པ་ཁག་ལྔའི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། བེལ་ཇི་ཡམ་གྱི་གྲོང་ཁྱེར་ཁག་དྲུག་ནས་བོད་མི་བརྒྱ་སྐོར་བཅས་མཉམ་ཞུགས་གནང་འདུག
ཐོག་མར་བེལ་ཇི་ཡམ་ས་གནས་མདོ་སྨད་ཆོལ་ཁའི་ཚོགས་གཞོན་ཚེ་བརྟན་ལགས་ནས་དེ་རིང་གི་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་དགོས་པའི་གལ་གནད་ངོ་སྤྲོད་གནང་གྲུབ་མཚམས་སྦར་སིལ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་ནས་བོད་ཕྱི་ནང་གཉིས་སུ་བཞུགས་པའི་བོད་མི་ཡོངས་ལ་ལོ་གསར་གྱི་འཚམས་འདྲི་དང་སྦྲགས། འཆར་ལོའི་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་ནང་བེལ་ཇི་ཡམ་མི་མང་གང་མང་མཉམ་ཞུགས་ཡོང་བའི་རེ་སྐུལ་དང་། གཞན་ཡང་༧སྐུའི་གོ་སྟོན་སྲུང་བརྩིའི་ལས་རིམ་གྱི་གནས་སྟངས་དང་ཞལ་འདེབས་བསྡུ་སློང་གི་གནས་སྟངས། ལྷག་དོན་ལོ་གསར་པ་འདིའི་ནང་བོད་མིའི་རྩ་དོན་ལ་དམིགས་ནས་ནང་ཁུལ་ལུང་ཚན་དང་ཆོལ་ཁའི་འཐེན་འཁྱེར་དང་མཁྲེགས་བཟུང་གི་ལྟ་བ་དོར་ནས་བོད་མིའི་བདེན་དོན་འཐབ་བརྩོད་ལ་ནུས་པ་མཉམ་སྤུངས་དགོས་པའི་རེ་འདུན་ཞུས་གནང་སོང་།
མཆོད་འབུལ་སྨོན་ལམ་གསུང་འདོན་ཐོག་ཚོགས་པ་ཆེ་ཁག་ལྔ་ནས་མང་ཚོགས་ཡོངས་ལ་འབྲས་སིལ་དང་གསོལ་ཇ། བཞེས་ཏོག་བཅས་མཐུན་འགྱུར་གནང་འདུག་པ་བཅས། །