༄༅། །བོད་རྒྱལ་ལོ་ ༢༡༥༢ རབ་བྱུང་ ༡༧ ཤིང་སྦྲུལ་གནམ་ལོ་གསར་བཞད་ལ་འདི་ལོ་དཔལ་ལྡན་བཀའ་དྲུང་ཡིག་ཚང་ནས་འབོད་བསྐུལ་གསལ་བསྒྲགས་ཕེབས་དོན་ལྟར་མི་མང་འདུ་འཛོམས་ཀྱི་གཞས་སྣ་འཁྲབ་སྟོན་སོགས་མེད་པར་ཆོས་ཕྱོགས་ཁོ་ནས་བོད་ཟླ་ ༡ པོའི་ལོ་གསར་ཚེས་ ༡ ཉིན་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་དུ་རང་རེ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་གནད་ཡོད་མི་སྣ་ཁག་གི་གཙོས་གཞུང་དང་གཞུང་ཁོངས་མིན་པའི་སྡེ་ཚན་གྱི་འགན་འཛིན་ཁག་དང་། རང་གཞུང་དང་འབྲེལ་ཆགས་དགོན་སྡེ་གྲྭ་ཚང་ཁག་གི་ལས་སྣེ་རྣམ་སྔར་རྒྱུན་སྲོལ་བཟང་རང་མོས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་ནས་བཀྲ་ཤིས་ཕྱེ་མར་མཆོད་ཅིང་། དེ་རྗེས་རླུང་རྟའི་དར་ཆེན་མཁའ་དབྱིངས་སུ་བསྒྲེང་འཛུགས་ཐོག་ཀི་བསྭཽ་ལྷ་རྒྱལ་བཅས་ལེགས་གྲུབ་བྱུང་བ་དང་།
ཚེས་ ༣ ཉིན་མཆོད་འཇོར་ས་གནས་མི་མང་གི་ཚོགས་ཁང་དུ་གཞུང་འབྲེལ་བསང་གསོལ་སོགས་ཆོས་ཕྱོགས་ཁོ་ནའི་མཛད་སྒོ་གནང་བར་སྐབས་དེར་བལ་ཡུལ་ནང་གི་ཕྱི་རྒྱལ་གྱི་གཞུང་ཚབ་ཁག་ནས་ཕེབས་པའི་སྐུ་མགྲོན་དང་། བལ་ཡུལ་སྐུ་ཚབ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ལགས་དང་། བོད་མི་མང་སྤྱི་འཐུས་བཀྲ་ཤིས་དོན་གྲུབ་ལགས། སྤྱི་ཟུར་འཇམ་དབྱངས་འཕྲིན་ལས་ལགས། སྤྱི་ཟུར་སྒྲོལ་མ་མཚོ་མོ་ལགས། མཆོད་འཇོར་ས་གནས་འགོ་འཛིན་ཕུར་བུ་བཀྲ་ཤིས་ལགས། འཇོ་ཁེལ་ས་གནས་འགོ་འཛིན་ཚེ་རིང་སྒྲོལ་མ་ལགས། ཀཐཱ་མན་གྲུ་ནང་འཁོད་ས་གནས་འཐུས་ཚོགས་དང་རང་ཚོགས་ཁག དེ་བཞིན་གངས་ཅན་བདེ་རྩའི་འགན་འཛིན་ཚེ་རིང་སྟོབས་རྒྱས་ལགས་སོགས་གཞུང་དང་གཞུང་ཁོངས་མིན་པའི་སྡེ་ཚན་ཁག་གི་འགན་འཛིན། གཞན་ཡང་གཞུང་དགོན་བསམ་གཏན་གླིང་གི་མཁན་རིན་པོ་ཆེ་དང་། ཤེལ་ཆོས་མཁན་རིན་པོ་ཆེའི་གཙོས་དགེ་བཤེས་དགེ་འདུན་པ་ཁག དེ་བཞིན་ཚོགས་སྐྱིད་ཁག་གི་མི་མང་སོགས་ཧ་ཅང་འདུ་འཛོམས་ཐོག་ནས་གཞུང་འབྲེལ་ཆོས་ཕྱོགས་ལོ་གསར་གྱི་བསང་གསོལ་མཛད་སྒོ་སྟེ་ཞོགས་པ་ཚོུད་ ༧:༣༠ ནས་ ༩:༣༠ བར་མཁན་པོ་དགེ་འདུན་པ་ཁག་ནས་ཁྲུས་གསོལ་རབ་གནས་དང་འབྲེལ་སྐུ་ཚབ་དོན་གཅོད་སོགས་གནད་ཡོད་ཁག་ནས་༧ རྒྱལ་བའི་སྐུ་དཔར་ལ་མཎྜལ་འདེགས་འབུལ་གྱི་རིམ་བཞིན་མཇལ་དར་ཕུལ།
དེ་ནས་སྐུ་མགྲོན་ཚར་མར་གསོལ་ཇ་འབྲས་སིལ་ཞུས་པ་དང་། སྐབས་དེར་བལ་ཡུལ་སྐུ་ཚབ་དོན་གཅོད་ནས་ལོ་གསར་འཚམས་འདྲི་དང་སྦྲགས་མི་མང་ཡོངས་ལ་སེམས་ངོས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་དགུང་ན་མཐོ་པོ་ཕེབས་པ་སོགས་རྒྱུ་མཚན་མང་དག་ཅིག་ལ་བརྟེན་ནས་བོད་མི་རེ་རེ་ནས་བོད་བསྟན་སྲིད་ཀྱི་ལ་རྒྱ་སྙིང་བཅངས་དགོས་པ་སོགས་གཉན་ཕྲང་དུས་སྐབས་སུ་ལེགས་ཉེས་དཀར་ནག་དབྱེ་གསལ་དགོས་ངེས་སོགས་གསུང་ནས་མཐར་བསང་གསོལ་དང་འབྲེལ་བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པའི་ཚོགས་གཙོ་དང་ལས་རོགས་རྣམས་ཀྱིས་༼ ཏ་ལི་ལ་མོའི་རྩེ་ནས། ལྷ་བསང་དགྲ་ལྷ་གཏོང་དུས་༽ ཞེས་པའི་རྣམ་ཐར་དང་མི་མང་ཚང་མས་གངས་རི་རྭ་བ་མ་དང་ཀི་བསཽ་ལྷ་རྒྱལ་བཅས་ལེགས་གྲུབ་བྱུང་། །
བལ་ཡུལ་དུ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་པ།
གསར་གནས།

འབྲེལ་གནས།
