༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་། གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་སྤྲུན་ཟླ་རྣམ་པ། རྒྱ་གར་གཞུང་མང་གཉིས་དང་འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་དྲང་བདེན་ལ་འགྱུར་བ་མེད་པར་རྒྱབ་སྐྱོར་གནང་མཁན་བོད་ཀྱི་གྲོགས་པོ་ཡོངས་ལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བོད་རྒྱལ་ལོ་ ༢༡༥༢ རབ་གནས་ཤིང་སྦྲུལ་ལོའི་བོད་ཀྱི་ལོ་གསར་དགའ་སྟོན་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སྦྲགས། བོད་རྒྱལ་ལོ་ ༢༡༥༢ བོད་ཟླ་ ༡ ཚེས་ ༡ ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༢༨ རབ་གནས་ཤིང་སྦྲུལ་ལོའི་གནམ་ལོ་གསར་དུ་བཞད་པའི་རྟེན་འབྲེལ་གྱི་ཉིན་མོར་འདི་ལས་ནས་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་པའི་བྱིས་པ་ཚོའི་ཆེད་དུ་གསར་བཟོ་ཞུས་པའི་བསྟན་འཛིན་གྱི་འཛམ་གླིང་ཞེས་པའི་ཕྱོགས་ཚད་གསུམ་ལྡན་གྱི་བྱིས་པའི་འགུལ་བརྙན་གྱི་ལེའུ་ལྔ་པ་ ༼ བོད་ཀྱི་ལོ་གསར་དགའ་སྟོན། ༽ ཞེས་པ་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་སྦྱོང་དྲྭ་ཚིགས་དང་ཡུ་ཊུབ་དྲྭ་བརྙན་ཐོག་ཤར་གཏོང་ཞུས་ཡོད་ལ། རྒྱ་ཆེའི་མང་ཚོགས་ནས་གོང་གསལ་དྲྭ་ཐག་བརྒྱུད་གཟིགས་ཐུབ་པ་མ་ཟད། ཕབ་ལེན་ཡང་གནང་ཐུབ།
སྤྱིར་ཚང་མས་མཁྱེན་གསལ་བཞིན་དེང་གི་ཆར་འགུལ་བརྙན་ནི་སློབ་ཁྲིད་རིག་པའི་ཐབས་ལམ་གལ་ཆེའི་གྲས་སུ་བརྩི་བཞིན་པ་མ་ཟད། དུས་དང་འཚམ་པའི་བྱིས་པའི་རྣམ་རིག་གི་སྒོ་མོ་འབྱེད་པའི་རྣམ་པ་གསར་པའི་སློབ་གསོའི་ཁ་ཕྱོགས་ཤིག་ཡིན་པར་བརྟེན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ལོ་ནས་བཟུང་ཕྱོགས་ཚད་གསུམ་ལྡན་དང་གཉིས་ལྡན་གྱི་བྱིས་པའི་འགུལ་བརྙན་བཟོ་སྐྲུན་གྱི་ལས་གཞི་དབུ་འཛུགས་གནང་བ་ཞིག་ཡིན།
ཉེ་ཆར་ཕྱི་ཟླ་ ༡ ཚེས་ ༡ ཉིན་འདི་ལས་ནས་གསར་བཟོ་ཞུས་པའི་གོང་གསལ་འགུལ་བརྙན་གྱི་ཚན་པ་དང་པོ་ ༼བོད་ཀྱི་ལོ་གསར་གྲ་སྒྲིག ༽ ཅེས་པ་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་སློབ་སྦྱོང་དྲྭ་ཚིགས་དང་ཡུ་ཊུབ་དྲྭ་བརྙན་ཐོག་འགྲེམས་སྤེལ་ཞུས་ཟིན་སྟབས། མ་འོངས་བོད་ཀྱི་སོན་རྩ་རྣམ་པས་དགྱེས་གཟིགས་ཡོང་བ་ཞུ།
མཐའ་དོན་བོད་ཕྱི་ནང་གཉིས་སུ་བཞུགས་པའི་བོད་མི་དང་། དེ་བཞིན་བོད་མིར་དགའ་ཞེན་དང་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་མཁན་ཡོངས་ལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ངོས་ནས་སླར་ཡང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན།།