༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༡ ཚེས་ ༧ རེས་གཟའ་མིག་དམར་ཉིན་གྱི་ཞོགས་པ་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༩ ཙམ་ལ་བོད་དིང་རི་རྫོང་ཁོངས་གྲམ་མཚོ་ཁུལ་གྱི་ཡུལ་སྡེ་ཁག་དང་། མཚོ་སྒོའི་ཡུལ་སྡེ་ཁག་གཙོ་བོར་གྱུར་བའི་ས་གནས་ལྷ་རྩེ་རྫོང་། ས་སྐྱ་རྫོང་། དེ་བཞིན་གཏིང་སྐྱེས་རྫོང་དང་ངམ་རིང་རྫོང་སོགས་ལ་ས་ཡོམ་འབྱུང་བའི་གནོད་འཚེ་བྱུང་ནས་མི་རྒྱུ་ཕྱུགས་གསུམ་ལ་གྱོང་གུན་ཧ་ཅང་ཆེན་པོ་བྱུང་བར་བེལ་ཇི་ཡམ་ས་གནས་དབུས་གཙང་ཆོལ་ཁ་དང་། ས་གནས་མདོ་སྨད་ཆོལ་ཁ། ས་གནས་བུད་མེད་ཚོགས་པ་གསུམ་གྱི་གོ་སྒྲིག་འོག་བེལ་ཇི་ཡམ་གྱི་གྲོང་ཁྱེར་ཨན་ཊབ་ཏུ་རྟེན་གཞི་བྱས་པའི་ཀརྨ་བསོད་ནམས་རྒྱ་མཚོ་གླིང་ཆོས་ཚོགས་སུ་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༢༣ ཉིན་གྱི་ཆུ་ཚོད་ ༡༢།༠༠ ནས་ཕྱི་དྲོོ་ཆུ་ཚོད་ ༡༦།༠༠ བར་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་གསོལ་ཚོགས་དང་། དེ་བཞིན་ཞེ་དགུའི་མཆོད་འབུལ་སྨོན་ལམ་གོ་སྒྲིག་གནང་ཡོད།
ཞེ་དགུའི་མཆོད་འབུལ་སྨོན་ལམ་གསུང་འདོན་ཐོག་སྦར་སིལ་སྐུ་ཚབ་དོན་གཅོད་འགན་འཁང་རིག་འཛིན་ཆོས་སྒྲོན་ལགས་དང་། དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས། ཡུ་རོབ་འབྲེལ་མཐུད་པ་བསྟན་འཛིན་ཕུན་ཚོགས་ལགས། ཧི་མ་ལ་ཡ་སྒྲོལ་མ་ཆོས་ཚོགས་ཀྱི་འགན་འཛིན་མེ་ཏོག་རིན་པོ་ཆེ་མཆོག བཤད་སྒྲུབ་བསྟན་རྒྱས་གླིང་ཆོས་ཚོགས་ཀྱི་འགན་འཛིན་ཚེ་བརྟན་ཕུན་ཚོགས་ལགས། སེར་བྱེས་བྱ་བྲལ་བྱམས་བརྩེ་ཆོས་ཚོགས། དགེ་བཤེས་འཇིགས་མེད་ལགས། གཞན་ཡང་བེལ་ཇི་ཡམ་ས་གནས་དབུས་གཙང་ཆོལ་ཁའི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། བེལ་ཇི་ཡམ་ས་གནས་མདོ་སྨད་ཆོལ་ཁའི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། བེལ་ཇི་ཡམ་ས་གནས་བུད་མེད་ཚོགས་པའི་དྲུང་ཆེ། བེལ་ཇི་ཡམ་བོད་རིགས་ཚོགས་པའི་ཤེས་རབ་སྣང་བྱེད་སློབ་གྲྭའི་འགན་འཛིན་བསོད་ནམས་ཚེ་རིང་ལགས། གཞན་ཡང་བེལ་ཇི་ཡམ་གནས་བཞུགས་བོད་མི་བརྒྱ་ལྷག་ནས་མཉམ་ཞུགས་གནང་ཡོད།ཐོག་མར་བེལ་ཇི་ཡམ་ས་གནས་དབུས་གཙང་ཆོལ་ཁའི་ཚོགས་གཙོ་སྐྱིད་འཛོམས་ལགས་ནས་ཞེ་དགུའི་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཐོག་ཕེབས་མཁན་ཡོངས་ལ་གུས་བསུ་གནང་སོང་བ་དང་། དེ་རྗེས་སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ནས་ས་ཡོམ་གོད་ཆག་ཁྲོད་ཚེ་སྲོག་ཤོར་བ་རྣམ་ལ་མྱ་ངན་དང་། ད་ལྟའི་ཆར་ས་ཡོམ་གོད་ཆག་འཕོག་ཡུལ་གྱི་གནས་སྟངས་སྙིང་བསྡུས་ངོ་སྤྲོད་དང་འབྲེལ། ས་ཡོམ་ཁྲོད་འདས་གྲོངས་སུ་གྱུར་བ་རྣམས་ལ་བསྔོ་སྨོན་དང་དལ་རྟེན་རིམ་བརྒྱུད་བླ་མེད་རྫོགས་བྱང་འཐོབ་པ་དང་། རྨས་སྐྱོན་ཕོག་པའི་ནད་གནར་རྣམས་མྱུར་དུ་ནད་ལས་དྭངས་པ། བཤུལ་ལུས་རྣམས་ལ་ཐུགས་གསོ་སོགས་གདུང་སེམས་མཉམ་སྐྱེད་ཀྱི་ཞེ་དགུའི་མཆོད་འབུལ་སྨོན་ལམ་ཐོག་ཕེབས་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་སོང་། གཞན་ཡང་བེལ་ཇི་ཡམ་ས་གནས་མདོ་སྨད་ཆོལ་ཁའི་ཚོགས་གཙོ་འཇིགས་མེད་ལགས་ནས་ད་ལན་བེལ་ཇི་ཡམ་གྱི་ཚོགས་པ་གསུམ་མཉམ་འདུས་ཀྱིས་མཆོད་འབུལ་སྨོན་ལམ་གོ་སྒྲིག་ཇི་ལྟར་གནང་བའི་སྐོར་འགྲེལ་བརྗོད་གནང་།
མཐར་སྦེལ་ཇམ་ས་གནས་བུད་མེད་ཚོགས་པའི་དྲུང་ཆེ་ཟླ་སྒྲོན་ལགས་ནས་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་རྗེས་ཚོགས་མཆོད་དང་བཅས་ཉིན་རྒྱབ་ཆུ་ཚོད་བཞི་པའི་ཐོག་སྨོན་ལམ་མཇུག་སྒྲིལ་གནང་སོང་། ཐེངས་འདིའི་མཆོད་འབུལ་སྨོན་ལམ་སྐབས་སུ་ཚོགས་པ་གསུམ་ནས་མཆོད་འབུལ་སྨོན་ལམ་ལ་བཅར་མཁན་ཡོངས་ལ་ཉིན་གུང་ཞལ་ལགས་སྟབས་བདེ་ཞིག་ཀྱང་གོ་སྒྲིག་གནང་འདུག་པ་བཅས།།