༄༅། །ལྡི་ལི་བོད་སྒར་བསམ་ཡས་གླིང་ས་གནས་འགོ་འཛིན་གཙོས་པའི་ཚོགས་སྐྱིད་ཁག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༢༣ བོད་ཟླ་ ༡༢ ཚེས་ ༢༥ ཕྱི་མ་རེས་གཟའ་ཉི་མའི་ཉིན་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་རྒྱལ་བ་ཚེ་དཔག་མེད་ཀྱི་ཚེ་དབང་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཐོག་མར་རིན་པོ་ཆེ་མཆོག་ས་གནས་སུ་ཕེབས་འབྱོར་སྐབས་ལྡི་ལི་སྐུ་ཚབ་དོན་གཅོད་འཇིགས་མེད་འབྱུང་གནས་ལགས་ཀྱིས་གཙོས་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམས་ནས་ཕེབས་བསུ་ཞུས་རྗེས་ཉིན་སློབ་ཀྱི་སློབ་མ་རྣམས་ནས་བཀྲ་ཤིས་ཞོལ་པ་དང་། གྲོ་སོ་ཕྱེ་མར་འདེགས་འབུལ་གྱི་སྔོན་བསུས་ཏེ་གསུང་ཆོས་རྭ་བར་ཞབས་སོར་འཁོད་བསྟུན་། རིན་པོ་ཆེ་མཆོག་ནས་ཚེ་དབང་གི་སྒྲུབ་ཞག་གནང་གྲུབ་བསྟུན་སྐུ་ཚབ་དོན་གཅོད་ནས་མཎྜལ་རྟེན་གསུམ་འདེགས་འབུལ་གྱི་ཚེ་དབང་དངོས་གཞིི་སྩལ་གནང་མཛད་པ་དང་། རིན་པོ་མཆོག་ནས་མང་ཚོགས་ལ་བླང་དོར་གྱི་བཀའ་སློབ་ཟབ་མོ་སྩལ་གནང་མཛད་པ་དང་། ཉེ་ལམ་བོད་ནང་ས་ཡོམ་གོད་ཆག་ཚབ་ཆེ་འོག་རྐྱེན་འདས་སུ་སོང་པ་རྣམས་དང་། རྨས་སྐྱོན་ཕོག་པ། དེ་བཞིན་༸སྐུའི་གཅེན་པོ་ཞིང་གཤེགས་དམ་པ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གཙོས་མ་གྱུར་སེམས་ཅན་ཚེ་འདས་ཀུན་གྱི་ཆེད་མ་ཎི་དང་བསྔོ་སྨོན་གསུང་འདོན་གནང་སྟེ་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་འཐོབ་པའི་སྨོན་ལམ་གསོལ་འདེབས་བཀའ་དྲིན་ཆེ་བ་གནང་མཛད། ཚེ་དབང་ཆེད་ས་གནས་ཀྱི་ཚོགས་སྡེ་ཁག་ཡོངས་ནས་སྒོ་མཇུག་བར་གསུམ་དུ་ཕྱར་གྲུ་མཉམ་འདེགས་ཀྱི་མཐུན་འགྱུར་རྒྱབ་སྐྱོར་གནང་ཡོད། །