༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༠༨ ཉིན་༸སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་ཕྱི་ཚེས་ ༡༢ ཉིན་གྱི་དགོང་དྲོ་ཨིན་ལེན་གནས་སྡོད་བོད་མི་རྣམས་ནས་མཆོད་འབུལ་སྨོན་ལམ་ཚོགས་ཡོད།
བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་ནི། ཕྱི་ལོ་ ༡༩༢༨ ལོར་བོད་མདོ་སྨད་སྟག་མཚེར་ཁུལ་དུ་སྐུ་འཁྲུངས་པ་དང་། དམ་པ་ཁོང་གིས་བོད་མིའི་འཐབ་རྩོད་དང་། ལྷག་པར་ཕྱི་ལོ་ ༡༩༧༠ སྨད་དུ་རྒྱ་ནག་གི་འགོ་ཁྲིད་དང་ལྷན་ཞི་བའི་ཐོག་བོད་རྒྱ་རྩོད་རྙོག་སེལ་ཐབས་ལ་འབད་བརྩོན་གནང་ཡོད།
དེ་ཡང་མཆོད་འབུལ་སྨོན་ལམ་དེ་ནི་ཨིན་ལེན་སྐུ་ཚབ་དོན་ཁང་དང་། ཨིན་ལེན་བོད་རིགས་མཐུན་ཚོགས་གཉིས་ཟུང་སྦྲེལ་གྱིས་གོ་སྒྲིག་གནང་ཡོད་ཅིང་། ཨིན་ལེན་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་གིས་སྐུ་ཚེ་ཧྲིལ་པོར་བོད་དོན་ཆེད་སྐུ་ལས་བསྐྱོན་པར་བསྔགས་བརྗོད་ཞུས་རྗེས་ཚོགས་ཞུགས་པ་རྣམས་ལ་དམ་པ་དེ་ཉིད་མངོན་ཐོ་ངེས་ལེགས་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་སྨོན་ལམ་གསོལ་འདེབས་ཞུ་རྒྱུའི་འབོད་སྐུལ་གནང་། སྐབས་དེར་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་ཀུན་བཟང་ཆོས་སྒྲོན་ལགས་ཀྱིས་སྨོན་ལམ་དབུ་མཛད་གནང་ཡོད་པ་དང་། དེར་གནས་སྡོད་བོད་མི་རྣམས་སོ་སོའི་ཕྱག་ལས་གྲུབ་མ་ཐག་གུས་འདུད་དང་། མྱ་ངན་མཚོན་ཕྱིར་མཆོད་འབུལ་སྨོན་ལམ་དུ་ཕེབས་ཡོད་པ་བཅས།།