༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པས་ཕྱི་ལོ་ ༢༠༢༣ ལོའི་སློབ་ཕྲུག་ཁོངས་ནས་སློབ་ཡོན་ལམ་སྲོལ་གསར་པའི་འོག་འདེམས་ཐོན་བྱུང་བའི་ཕུལ་བྱུང་སློབ་ཡོན་ཐོབ་མཁན་ཐོག་མ་ ༢༤ ལ་དྲ་ཐོག་ཚོགས་འདུ་ཞིག་གོ་སྒྲིག་གནང་ཡོད། ཚོགས་འདུ་འདི་ནི་ཤེས་རིག་ལས་ཁུངས་ཀྱི་ (DoE’s Unlocking Potential: Excellence Scholars Program) ཞེས་པའི་ལས་གཞིའི་ཆ་ཤས་ཤིག་ཡིན་པ་རེད།
དེ་ཡང་ཐོག་མར་ཤེས་རིག་སློབ་ཡོན་ཚན་པའི་འགན་འཛིན་བསོད་ནམས་བཟང་ལོ་ལགས་ཀྱིས་ལས་གཞིའི་སྐོར་ངོ་སྤྲོད་གནང་བ་དང་། སློབ་ཕྲུག་རྣམས་ལ་སློབ་སྟོན་པ་དང་སློབ་སྟོན་བྱ་ཡུལ་གཉིས་ཀའི་ཐོག་ནས་མཉམ་ཞུགས་གནང་སྟེ་བོད་པའི་གཞོན་སྐྱེས་ཚོར་ལམ་སྟོན་དང་ཡར་རྒྱས་གཏོང་དགོས་པའི་སྐུལ་མ་གནང་རྗེས་སློབ་ཡོན་ཐོབ་མཁན་རྣམས་དང་ལྷན་དྲི་བ་དྲིས་ལན་གྱི་བགྲོ་གླེང་གནང་ཡོད།
དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་མགྲོན་འབོད་བཞིན་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་སློབ་ཟུར་ཚོགས་པས་ཨ་རི་བོད་མིའི་སློབ་ཡོན་ལས་གཞི་དང་། གདེང་ཚོད་སྤེལ་ཕྱོགས། འབྲེལ་ལམ་འཛུགས་སྟངས། ཉམས་གསོག་གོ་སྐབས། ཤེས་ཡོན་འགྱུར་འགྲོས་སོགས་གནད་དོན་གལ་ཆེན་ཁག་གི་ཐོག་མྱོང་ཚོར་བརྗེ་རེས་དང་བགྲོ་གླེང་གནང་ཡོད།
ཚོགས་འདུ་འདི་ནི་ཕུལ་བྱུང་སློབ་ཡོན་ཐོབ་མཁན་རྣམས་ལ་རྒྱབ་སྐྱོར་བྱ་རྒྱུའི་ལོ་གཅིག་རིང་གི་ལས་གཞིའི་གོམ་སྟབས་དང་པོ་མཚོན་གྱི་ཡོད་པ་བཅས།།