༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་༢༠༡༢་་༌༢༠༡༣ ལོའི་སྔོན་རྩིས་ཐོག་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོད་དཔག་འཆར་རྩིས་ཚོགས་ཆུང་ཐེངས་དང་པོའི་སྙན་ཐོ།
སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་ ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༧ འཁོད་པའི་བཀོད་ཁྱབ་ཕེབས་དགོངས་སུ་རྩིས་ལོ་ ༢༠༡༢༌་་༢༠༡༣ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་ཐོག་སྤྱི་འཐུས་ལྷན་ཚོགས་ ཀྱི་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་མི་འགྲོར།
* ༡༽ སྤྱི་འཐུས་པདྨ་འབྱུང་གནས་ལགས།
* ༢༽ སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས།
* ༣༽ སྤྱི་འཐུས་རྒྱ་རིགས་ཐར་ལགས།
* ༤༽ སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས།
* ༥༽ སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་བཅས་ལ་དམིགས་འཛུགས་གནང་དོན་ལྟར་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༧ སྔ་དྲོ་གོང་གསལ་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་ཚོགས་གཙོ་གཅིག་དགོས་པ་སྤྱི་འཐུས་པདྨ་འབྱུང་གནས་ལགས་དང༌། ཚོགས་དྲུང་དུ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གཉིས་སྤྱི་མོས་བྱུང༌།
དང་པོ། ཚོགས་གཙོ་སྦྲེལ་པོའི་ལམ་སྟོན་དང༌། ཞིབ་འཇུག་ཇི་ཞུས།
དཔལ་ལྡན་ཚོགས་གཙོ་མཆོག་ལ་སྙན་གསན་སྔོན་ཞུས་ལྟར་སྤྱི་ལྷན་དཔེ་མཛོད་དུ་ ཆེད་ཕེབས་ཀྱིས་ལམ་སྟོན་ཕེབས་གསལ་དུ། “ད་ལན་ནི་བཀའ་ཤག་སྐབས་ ༡༤ པའི་སྔོན་རྩིས་ཐོག་མ་ཡིན་པས་སྲིད་བྱུས་དང་འབྲེལ་བའི་རྩ་དོན་དང་། ཤེས་ཡོན། སྤྱི་ཚོགས་བདེ་དོན། འཕྲོད་བསྟེན་སོགས་ལས་རིགས་སོ་སོར་སྔོན་དང་མ་འདྲ་བའི་འགྲོ་གྲོན་རིགས་གང་འདྲ་གཏོང་འཆར་ཡོད་མེད་ཐད་རྒྱུས་ལོན་གྱིས་ཁ་གསལ་འགོད་ཐབས་དགོས་སྐོར་”ཕེབས་དོན་ ལྟར་ཞིབ་འཇུག་སྐབས་སྔོན་རྩིས་འབུལ་ཕྱོགས་དང་རྩིས་འགོ་ཕལ་ཆེ་བའི་འགོད་སྟངས་ སོགས་བཀའ་ཤག་སྐབས་སྔོན་མའི་གནང་ཕྱོགས་དང་ཁྱད་པར་དེ་ཙམ་མི་འདུག་ཅིང། སྔོན་རྩིས་ཁ་ཤོག་ཏུའང་ལས་འཆར་གསར་པའི་རིགས་ཁ་གསལ་གང་ཡང་བཀོད་མི་འདུག་ཀྱང། དེ་སྔའི་བདེ་སྲུང་བོད་གནས་ཉམས་ཞིབ་ཁང་དེ་ཉིད་བཀའ་ཤག་གི་ཁྱབ་ཁོངས་བོད་ཀྱི་ སྲིད་བྱུས་ཉམས་ཞིབ་ཁང་དུ་བསྒྱུར་གནང་མཛད་ཟིན་པ་མཁྱེན་གསལ་ལྟར་རྩིས་ཁོངས་སུ་ བོད་ཀྱི་ཁོར་ཡུག་གནས་སྟངས་སྐོར་དང་། ཉམས་ཞིབ་སྦྱོང་བརྡར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མ་འོངས་སྲིད་དོན་ཁ་ཕྱོགས་ཐོག་བགྲོ་ གླེང་གནང་འཆར་བཅས་དང། དཔལ་འབྱོར་ཡིད་ཆེས་དགེ་རྩའི་ཁོངས། བོད་རིགས་ཁྱད་ལས་དང་བླངས་ཞབས་ཞུའི་ལས་གཞི། བོད་ཕྲུག་མཐོ་སློབ་ཤེས་ཡོན་ཆེད་མ་དངུལ་བུན་གཏོང་གི་ལས་གཞི། ཤེས་རིག་ལས་ཁུངས་ཀྱི་ཟབ་སྦྱོང་དང་འོས་སྦྱོང་ཁོངས། ཤེས་ཡོན་མཁས་པའི་ལྷན་ཚོགས། རྒྱ་བོད་སློབ་སྤྱི་དང་དགེ་ཆེའི་ཚོགས་འདུ། བོད་རིགས་དགེ་རྒན་གྱི་ཚོགས་འདུ་བཅས་དེ་སྔོན་རྩིས་འགོ་ནང་མ་གསལ་བའི་ལས་འཆར་ཁག་ཅིག་འདུག་པ་ལས་གཞན་དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་གིས་མི་མང་ལ་ཞལ་བཞེས་ གནང་བ་དང། དམ་འབུལ་མཛད་སྒོའི་གསུང་བཤད། སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་སྐབས་ཀྱི་བཀའ་ཤག་གི་གསལ་བཤད་ བཅས་ནང་འཁོད་པའི་གསར་གཏོད་དང་རང་ཁ་རང་གསོའི་ལས་འཆར་མ་འདྲ་བ་འདི་རེད་འདུག་ བསམ་པ་གཞན་མ་མཐོང།
གཉིས་པ། བཀའ་ཤག་གིས་རྩིས་ལོ་ ༢༠༡༢་་༌༢༠༡༣ ལོར་རྒྱབ་གཉེར་གནང་ཕྱོགས།
- ཀ༽ ལས་ཁུངས་སོ་སོའི་རྒྱུན་གྲོན་དགོས་དངུལ་འཕར་ཆག་དབང་གིས་རྒྱུ་མཚན་ཡོད་ན་ལས། དེ་མིན་རྩིས་ལོ་ ༢༠༡༠༌༌༌༢༠༡༡ ལོའི་ངོ་སོང་དང༌། རྩིས་ལོ་ ༢༠༡༡་༌་༢༠༡༢ ལོའི་བསྐྱར་བཅོས་སྔོན་རྩིས་གཏན་འབེབས་དངུལ་འབོར་ལ་གཞི་བཅོལ་གྱིས་རྒྱབ་གཉེར་ གནང་འདུག དམིགས་བསལ་དང་ཟུར་བཀོལ་དུ་གསལ་བའི་ལས་འཆར་ཁག་དགོས་ངེས་ཅན་དང༌། རྩིས་ལོའི་ནང་ལག་བསྟར་ཐུབ་ངེས་རིགས་ལ་རྒྱབ་གཉེར་ཞུས་འདུག
- ཁ༽ ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ལས་ཁུངས་ཁག་གི་སྔོན་རྩིས་ཡུལ་ལུང་སོ་སོའི་དངུལ་ འབབ་ཐོག་འགོད་ལམ་ཡོད་པ་ལྟར་གནང་སྟེ། ཕྱོགས་བསྡོམས་རྒྱབ་གཉེར་ཧིན་སྒོར་ཐོག་འཛའ་བསྒྱུར་ཆེད་ཕྱི་ལོ་ ༢༠༡༠ ཟླ་ ༡༢ ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༡ བར་གྱི་ཁྲོམ་རའི་ཆ་སྙོམས་ཧིན་སྒོར་འཛའ་ཐང་དང༌། ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༢༥ ཉིན་གྱི་འཛའ་ཐང་གཉིས་ནས་གང་ཉུང་བ་ལྟར་འཛའ་བསྒྱུར་ཞུས་ཡོད་པའི་ཞིབ་གནས་འདི་ མཉམ་ཆབས་འབུལ་ཡོད། དོན་དངོས་ཐོག་འཛའ་བབ་ཆ་ནས་ཁྱད་པར་འགྲོ་གཞི་མེད་ནའང་དེ་ནས་བཟོ་བཅོས་གནང་འོས་ གཟིགས་ཚེ་གནང་སྐྱོང་ཡོང་བ་ཞུ། ཞེས་གསལ་འདུག་ནའང་འདི་ནས་བཟོ་བཅོས་གང་ཡང་མ་ཞུས་པར་དེ་མུར་བཞག་ཡོད།
- ག༽ ས་གནས་འཐུས་མིའི་ཚོགས་འདུ་དང་། ས་གནས་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གཉིས་ཀྱི་སྔོན་རྩིས་དེ་སྔ་ནང་ སྲིད་ལས་ཁུངས་དང་། དཔལ་འབྱོར་ལས་ཁུངས་ཀྱི་དམིགས་བསལ་རྒྱུན་གྲོན་ཁོངས་གསལ་མུས་ཀྱང་སྡེ་ཚན་གྱི་ ངོ་བོའི་ཆ་ནས་འདི་ལོ་སྔོན་རྩིས་སོ་སོར་འཆར་འབུལ་གནང་འདུག
- ང༽ ལས་བྱེད་གསོལ་ཚང་སྔ་ལོ་དཔལ་འབྱོར་ལས་ཁུངས་ཀྱི་གཤམ་འོག་སྡེ་ཚན་དུ་གཏན་འབེབས་ བྱུང་བ་ལྟར་འདི་ལོ་ནས་བཟུང་སྔོན་རྩིས་འཆར་འབུལ་གནང་འདུག
- ཅ༽ འཆར་ལོའི་ནང་ལ་དྭགས་དང་ཤར་ཕྱོགས་ཁུལ་དུ་ས་གནས་ཁྲིམས་ཞིབ་ཁང་རེ་གསར་འཛུགས་ གནང་གཏན་འཁེལ་བའི་རྒྱུན་གྲོན་དང་དམིགས་བསལ་འགྲོ་གྲོན་ཡང་འཆར་འབུལ་གནང་འདུག
- ཆ༽ བཀའ་ཤག་གིས་ཕྱོགས་བསྡོམས་འགྲོ་གྲོན་བཀའ་འཁྲོལ་རྒྱབ་གཉེར་ཁ་ཤོག་ནང་གསལ་འཁོད་ མི་འདུག་ཀྱང་དཔལ་ལྡན་དགའ་ལྡན་ཕོ་བྲང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ གནས་རིམ་མཐོ་དམའ་འདྲ་མིན་ཡོད་རུང་དེ་དག་གི་ཕོགས་སོགས་འཆར་འབུལ་གནང་མི་འདུག་ པ་དང་། སམ་བྷོ་ཌ་བོད་སློབ་ཚོགས་པའི་ཟུར་བཀོལ་བཀའ་འཁྲོལ་གྱི་ཡིག་སྣོད་ཅིག་ཀྱང་གསར་སྣོན་གནང་འདུག
གསུམ་པ། ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས།
- ༡༽ ཚོགས་གཙོ་སྦྲེལ་པོའི་བཀོད་ཁྱབ་ལྟར་ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༢༧ ཉིན་ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༧ བར་ལས་ཉིན་གྲངས་ ༩ རིང་ལས་བཅར་གྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ ལོ་ ༢༠༡༢༌༌༌༢༠༡༣ ལོའི་རྒྱུན་གྲོན་དང༌། དམིགས་བསལ། ཟུར་བཀོལ་བཅས་ཀྱི་སྔོན་རྩིས་ཁ་ཤོག་དང༌། རྒྱབ་ལྗོངས་ཡིག་ཆ་བཅས་ཀྱི་ཡིག་སྣོད་གྲངས་ ༢༣ དང་། བཀའ་ཤག་གིས་ཕྱོགས་བསྡོམས་འགྲོ་གྲོན་བཀའ་འཁྲོལ་རྒྱབ་གཉེར། དགོས་དངུལ་རང་ཁུངས་ནས་གཏོང་དམིགས་ཡོད་ཀྱང་བཀའ་འཁྲོལ་ཞུ་ཡུལ་ས་གནས་འཐུས་ མིའི་ཚོགས་འདུ་མེད་པའི་ས་གནས་འགོ་འཛིན་ལས་ཁང་ཁག་ ༦ དང་སྦེང་ལོར་ལྷོ་སྤྱི་ལས་ཁང་། འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང་། སྨན་ཁང་ཁག་ ༢ བཅས་ཀྱི་སྔོན་རྩིས་འབྲེལ་ཡོད་ལས་དབུས་ནས་འཆར་འབུལ་ལ་བཀའ་ཤག་གིས་རྒྱབ་གཉེར་ ཞུས་པའི་ཡིག་སྣོད་གྲངས་ ༣ བཅས་བསྡོམས་ཡིག་སྣོད་གྲངས་ ༢༦ དང་། རྩིས་ལོ་ ༢༠༡༡་་༌༢༠༡༢ ལོའི་སྔོན་རྩིས་དང༌། བསྐྱར་བཅོས་བཀའ་འཁྲོལ་གྱི་ཡིག་སྣོད་གྲངས་ ༥ བཅས་རེ་རེ་བཞིན་ཞིབ་འཇུག་ཞུས་ཏེ། སྐབས་བབ་འབྲེལ་ཆགས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་དང་། དྲུང་ཆེ་ ༡ དྲུང་ཆེ་ལས་ཚབ་ ༡ དཔལ་འབྱོར་སྔོན་རྩིས་སྡེ་ཚན་གྱི་འགན་འཛིན། འབྲེལ་ཡོད་ལས་ཁུངས་སོ་སོའི་རྩིས་པ་གྲངས་ ༡༤ གཞན་འབྲེལ་ཡོད་ལས་བྱེད་གྲངས་ ༢ བཅས་གདན་ཞུས་དང། འབོད་འགུག་གིས་ཡིག་ངག་གཉིས་ཐོག་ནས་བཀའ་འདྲི་དང་དོགས་གཅོད་མཐིལ་ཕྱིན་ཞུས་ཡོད།
- ༢༽ བཀའ་ཤག་ནས་སྤར་གཅོག་གི་གནད་འདོན་ཐད་ཞིབ་ཚགས་དང༌། ཞིབ་འཇུག་གང་ལེགས་གནང་འདུག་པས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་སྤར་གཅོག་ གཉིས་གཙོ་དོན་ཞུས་མེད་ཀྱང་དགོས་ངེས་གཅོག་ཆའི་རྒྱབ་གཉེར་ཞུས་པའི་རེའུ་མིག་ ཤོག་གྲངས་ ༨ དང་། སྤར་ཆའི་རྒྱབ་གཉེར་ཞུས་པའི་རེའུ་མིག་ཤོག་གྲངས་ ༡ བཅས་མཉམ་འབུལ་ཞུས་ཡོད།
བཞི་པ། སྤྱི་ཡོངས་སྔོན་རྩིས་གནས་སྟངས།
- ཀ༽ བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༢༌་་༢༠༡༣ ལོའི་རྒྱུན་གྲོན། དམིགས་བསལ་ལས་དོན། དེ་བཞིན་ཟུར་བཀོལ་ལས་འཆར་ཁག་ལ་བཀའ་ཤག་གིས་ཕྱོགས་བསྡོམས་འགྲོ་གྲོན་རྒྱབ་ གཉེར་སྒོར་ས་ཡ་ ༡,༠༤༡་༣༦ གནང་འདུག་པ་རྩིས་ལོ་ ༢༠༡༡་་་༢༠༡༢ ལོའི་བསྐྱར་བཅོས་སྔོན་རྩིས་གཏན་འབེབས་འགྲོ་གྲོན་སྒོར་ས་ཡ་ ༡,༠༩༢་༨༧ ལས་སྒོར་ས་ཡ་ ༥༡་༥༡ དང་བརྒྱ་ཆ་ ༤་༧༡ ཉུང་བ་བྱུང་འདུག
- ཁ༽ གོང་གསལ་འགྲོ་གྲོན་ཁོངས་ནས་སྒོར་ས་ཡ་ ༧༧༣་༩༣ ཟུར་བཀོལ་ནས་གཏོང་དམིགས་ཡོད་པ་ཕུད་འཕྲོས་སྒོར་ས་ཡ་ ༢༦༧་༤༣ དཔལ་འབྱོར་ལས་ཁུངས་བརྒྱུད་གཏོང་རྒྱུར་འཆར་འབུལ་གནང་འདུག
- ག༽ ས་གནས་འཐུས་མིའི་ཚོགས་འདུ་མེད་པའི་ས་གནས་འགོ་འཛིན་ལས་ཁང་ ༦ དང་ལྷོ་སྤྱི་ལས་ཁང་གི་འགྲོ་གྲོན་བསྡོམས་སྒོར་ས་ཡ་ ༣༦་༡༣ དང༌། འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་མངོན་དགའ་སློབ་གྲྭ་དང༌། སྨན་ཁང་ཁག་ ༢ ལ་འགྲོ་གྲོན་སྒོར་ས་ཡ་ ༡༠་༥༡ བཅས་སོ་སོར་རྒྱབ་གཉེར་གནང་འདུག
ལྔ་པ། རྩིས་ལོ་ ༢༠༡༢་་༢༠༡༣ ལོའི་སྔོན་རྩིས་རྩིས་ཤོག་སོགས་ལ་སྤྱི་ཡོངས་མཐོང་ཚུལ་དང་རྒྱབ་གཉེར་ཞུས་ཁག
- ༡༽ དེ་སྔ་ཡིན་ན་འཛིན་སྐྱོང་བཀའ་ཤག་ནས་རྩིས་ལོ་དེའི་ནང་ཡོང་འཆར་ཇི་ཡོད་དང༌། འགྲོ་འཆར་རྒྱབ་གཉེར་གནང་བ་ཇི་ཡོད་ཚོད་དཔག་འཆར་རྩིས་ཚོགས་ཆུང་ལ་གནང་སྲོལ་ ཡོད་ཀྱང༌། བར་སྐབས་ཤིག་ནས་ཡོང་འཆར་གནང་སྲོལ་མེད་པ་ཆགས་འདུག་པ་ལྟར་འདི་ལོ་ཡང་གནང་སོན་ མ་བྱུང་བས་ཚོགས་ཆུང་གིས་དཔལ་འབྱོར་སྔོན་རྩིས་སྡེ་ཚན་དུ་ཡོང་འཆར་དང་། གཏོང་ཡོང་ཁ་འདུམ་མིན་གྱི་ལན་གསལ་དགོས་པའི་ཡིག་ཆུང་ཕུལ་ལན་དུ་ད་ལྟ་བཀའ་ཤག་ གིས་ཐུགས་ཞིབ་གནང་བསྡད་ཡིན་སྐོར་གསུངས་ཏེ་གནང་སོན་མ་བྱུང་བས་ཚོགས་ཆུང་ནས་ གཏོང་ཡོང་ཁ་འདུམ་མིན་དང། སྤར་གཅོག་གི་གནས་སྟངས་ལ་བརྟེན་ནས་གཏོང་ཡོང་གི་བརྒྱ་ཆ་ཇི་ཙམ་འཕར་ཆག་སོང་མིན་ ཁ་གསལ་འགོད་ཐབས་མ་བྱུང་བ་མ་ཟད། ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ལས་དོན་ཆ་ཚང་གདེང་འཁེལ་བ་ཞིག་འགྲུབ་རྒྱུར་ འགོག་རྐྱེན་ཡང་ཆགས་སོང་། གནས་སྟངས་འདི་ལ་བལྟས་ན་བཀའ་ཤག་གིས་ཡོང་འཆར་ཐུགས་ཐག་མ་ཆོད་གོང་གཏོང་འཆར་ རྒྱབ་གཉེར་གནང་བ་ཞིག་ཡིན་འདུག་པ་སྔོན་རྩིས་འཆར་འབུལ་གྱི་འགྲོ་ལུགས་དང་མཐུན་ མིན་ལ་སོང་མ་འོངས་པར་འདི་རིགས་མི་ཡོང་བ་གནང་གལ།
- ༢༽ བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་ ༢༠༡༢༌་་༢༠༡༣ ལོའི་རྒྱུན་གྲོན། དམིགས་བསལ་ལས་དོན། དེ་བཞིན་ཟུར་བཀོལ་ལས་འཆར་ཁག་ལ་བཀའ་ཤག་གིས་ཕྱོགས་བསྡོམས་འགྲོ་གྲོན་རྒྱབ་ གཉེར་སྒོར་ས་ཡ་ ༡༠༤༡་༣༦ གནང་བའི་ཁོངས་ནས་སྒོར་ས་ཡ་ ༧༧༣་༩༣ ཟུར་བཀོལ་ནས་གཏོང་དམིགས་ཡོད་པ་ཕུད་འཕྲོས་སྒོར་ས་ཡ་ ༢༦༧་༤༣ དཔལ་འབྱོར་ལས་ཁུངས་བརྒྱུད་གཏོང་རྒྱུར་འཆར་འབུལ་གནང་འདུག་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་རྒྱུན་གྲོན་དང་དམིགས་བསལ་ལ་ཕན་ཆེད་དེབ་སྐྱེལ་ཡོད་ པའི་དབུས་ལས་ཁུངས་ཁག་དང་། ཡན་ལག་སྡེ་ཚན་མང་པོ་ཞིག་གི་ཟུར་བཀོལ་ནས་དངུལ་འབོར་ཕོན་ཆེ་བཏང་བའི་ཉེར་ལེན་ ལ་བརྟེན་ནས་མ་དངུལ་ལྷག་འཕྲོ་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་པ། འཕྲོད་བསྟེན་ལས་ཁུངས་ལྟ་བུར་དཔེ་མཚོན་ན་ཟུར་བཀོལ་མཇུག་ལྷག་ ༢༠༡༠༌༌༌༢༠༡༡ ལ་སྒོར་ ༤༠,༥༢༣,༦༠༧། དང་ ༢༠༡༡༌༌༌༢༠༡༢ ལ་སྒོར་ ༣༡,༧༨༡,༦༦༤། ༢༠༡༢༌༌༌༢༠༡༣ ལ་སྒོར་ ༡༦,༧༨༣,༥༣༣། བཅས་ཆགས་ཀྱི་འདུག ལྡི་ལི་དོན་གཅོད་ལྟ་བུ་ལ་མཚོན་ན་ཟུར་བཀོལ་མཇུག་ལྷག་ ༢༠༡༠༌༌༌༢༠༡༡ ལ་སྒོར་ ༡༢,༡༩༧,༦༤༢། དང་ ༢༠༡༡༌༌༌༢༠༡༢ ལ་སྒོར་ ༩༣༩,༣༥༥། ༢༠༡༢༌༌༌༢༠༡༣ ལ་སྒོར་ ༢༠,༡༩༥། བཅས་ཆགས་ཀྱི་འདུག ཡན་ལག་ལས་ཁུངས་ཀྱི་གྲས་ནས་སྦེལ་ཀོབ་འཚོ་བྱེད་སྨན་ཁང་ལྟ་བུར་ཆ་མཚོན་ན་ཟུར་ བཀོལ་མཇུག་ལྷག་ ༢༠༡༠༌༌༌༢༠༡༡ ལ་སྒོར་ ༨,༤༢༣,༤༢༩། དང་ ༢༠༡༡༌༌༌༢༠༡༢ ལ་སྒོར་ ༥,༣༣༥,༡༠༡། ༢༠༡༢༌༌༌༢༠༡༣ ལ་སྒོར་ ༢,༣༨༦,༠༠༢། བཅས་ཆགས་ཀྱི་འདུག་པ་ལྟར་རིམ་བཞིན་ལས་ཁུངས་མ་ལག་དང་བཅས་པའི་ཟུར་བཀོལ་གྱི་ དངུལ་རྫོགས་ཚེ། ནམ་ཞིག་གཞུང་གི་བང་མཛོད་ནས་གཏོང་དགོས་ཆགས་རྒྱུ་ཡིན་པ་ལོ་ཤས་སྔོན་དེབ་སྐྱེལ་ ཡོད་པའི་ཚོགས་པ་ཁག་གི་ཕོགས་གྲོན་འདང་མིན་བྱུང་ཚེ་ཁ་གསབ་ཆེད་སྤོམ་དངུལ་བཞག་ པ་དང་། ས་གནས་འགོ་འཛིན་ལས་ཁང་ཁག་མང་པོ་ཞིག་གི་རྒྱུན་གྲོན། ཕྱི་རྒྱལ་དོན་གཅོད་ཁག་མང་པོ་ཞིག་གི་རྒྱུན་གྲོན་བཅས་གཞུང་གི་བང་མཛོད་ནས་བཏང་ དང་གཏོང་མུས་རེད་འདུག ལོ་ཤས་ནས་སྔོན་རྩིས་གཏམ་བཤད་ནང་བྱུང་སོང་ཁ་འཐབ་ཡིན་སྐོར་གསུང་བཞིན་ཡོད་ཀྱང། དོན་དངོས་ཐོག་ལོ་རེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་རྒྱུན་གྲོན་དང་དམིགས་ བསལ་བཅས་ཀྱི་ཆེད་དབུས་ལས་ཁུངས་ཁག་དང་། ཁྱབ་ཁོངས་ཚན་པ་ཁག་གི་ལོ་རེའི་སྐྱེད་འབབ་དང། མ་དངུལ་བཅས་ནས་འགྲོ་གྲོན་བཏང་སྟེ་དངུལ་འབོར་ཇེ་ཉུང་དུ་འགྲོ་བཞིན་པ་མངོན་ གསལ་ལ་སོང་། དོན་དངོས་བྱུང་སོང་ཁ་འཐབ་མིན་དང་གཞུང་གི་བང་མཛོད་སྟོང་པ་ཆགས་ཉེན་ཡོད་མེད་ སྐོར་རྩིས་ཞིབ་ལས་ཁང་ནས་དམིགས་བསལ་སྙན་ཐོ་ཞིག་བཏོན་ཏེ་མ་འོངས་དཔལ་འབྱོར་ འདུ་འགོད་གནང་ཕྱོགས་ཐད་ལམ་སྟོན་ཁ་གསལ་དགོས་རྒྱུ།
- ༣༽ སྔོན་མ་ལས་ཁུངས་ཁག་གི་རྩིས་ཞིབ་སྙན་ཐོ་ཚོད་དཔག་འཆར་རྩིས་ཚོགས་ཆུང་ལ་འབུལ་ སྲོལ་ཡོད་ཀྱང་བར་སྐབས་ཞིག་ནས་མེད་པ་ཆགས་ཏེ་ད་ལྟ་བཙན་བྱོལ་བོད་མིའི་གཞུང་ དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དོན་ཚན་ ༡༠ ནང་གསེས་ ༣ པར་“འབྲེལ་ ཡོད་སྡེ་ཚན་གྱི་རྩིས་ཁྲ་དུས་ཐོག་རྩིས་ཞིབ་པར་མ་ཕུལ་བའམ། རྩིས་ཞིབ་པའི་དྲི་བ་དང་དགག་བྱར་ལན་འདེབས་ཚུལ་མཐུན་མ་བྱུང་བའི་དབང་གིས་གོང་ གསལ་དུས་ཡུན་ནང་རྩིས་ཞིབ་སྙན་ཐོ་མ་འབྱོར་བ་བྱུང་ཚེ་སྡེ་ཚན་དེའི་དགོས་དངུལ་ སྐབས་བསྟུན་བཀའ་ཤག་གམ་སྤྱི་འཐུས་ཀྱིས་བཀག་བསྐྱིལ་བྱེད་ཆོག”ཅེས་གསལ་བའི་ནང་དོན་ལག་བསྟར་བྱ་མི་ཤེས་པ་ཆགས་འདུག་པས་གྲོས་ཚོགས་ནས་ལམ་སྟོན་དགོས་གལ།
- ༤༽ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྒྱུན་གྲོན་བརྙན་དེབ་གསར་ཤོག་གི་རིན་འབབ་འགའ་ ཞིག་དཔལ་འབྱོར་ལས་ཁུངས་ནས་ལམ་སྟོན་གནང་བ་ནང་བཞིན་བྱུང་མི་འདུག་པར་ད་ལན་སྤར་ གཅོག་གང་ཡང་ཞུས་མེད་ཀྱང་བསྐྱར་བཅོས་སྐབས་གཅིག་གྱུར་ཚད་འཕེར་གྱི་ལག་ལེན་ བསྟར་གནང་དགོས་རྒྱུ།
- ༥༽ ཕྱི་དྲིལ་ལས་ཁུངས་ཀྱི་དམིགས་བསལ་ཨང་ ༡ རྒྱབ་ལྗོངས་ ༢༠།༧ ནང་གསར་འགོད་འབྲེལ་མཐུད་པ་དང་ལས་རོགས་གཉིས་ལ་ལག་འཁྱེར་ཁ་པར་གསར་ཉོ་བྱ་ རྒྱུར་བཀའ་ཤག་ནས་གཅོག་ཆ་གནང་འདུག་པ་ལྟར་རྒྱབ་གཉེར་ཞུས་ཡོད་ཀྱང། གསར་འགོད་འབྲེལ་མཐུད་པར་ཉིན་མཚན་དུས་དྲུག་གང་དུ་ཡང་ཁ་པར་གྱི་འབྲེལ་ལམ་དགོས་ རྒྱུ་གལ་ཆེ་ལ་སོང་། མཛད་གཙོ་རྣམ་པར་གཞུང་འབྲེལ་ཞལ་པར་གྱི་འགྲོ་གྲོན་གཏན་འབེབས་ཡོད་པ་བཞིན་ཁོང་ རྣམས་ལའང་ཁ་པར་གྱི་འགྲོ་གྲོན་གཏན་འབེབས་ཀྱིས་མཐུན་རྐྱེན་སྦྱར་དགོས་ངེས་སུ་མཐོང།
- ༦༽ ཕྱི་དྲིལ་ལས་ཁུངས་ཀྱི་དམིགས་བསལ་ཁོངས་ཀམ་པུའི་ཊར་དང། གཟུགས་མཐོང་བརྙན་འཕྲིན་སོགས་གསར་ཉོ་དགོས་པའི་འཆར་འབུལ་ཞུས་པ་ཁག་གཅོག་ཆ་གནང་ སྟེ་དམིགས་བསལ་ཨང་ ༧ པར་གློག་ཀླད་འཕྲུལ་ཆས་དང་འབྲེལ་བའི་གཞན་ཡོ་ཆས་སྤུས་གཟིགས་སྤོམ་དངུལ་ཞེས་ པའི་རྩིས་འགོ་ཞིག་གསར་སྣོན་གྱིས་སྒོར་ ༢,༥༠༠,༠༠༠ བཀའ་འཁྲོལ་རྒྱབ་གཉེར་གནང་སྟེ་ལས་ཁུངས་ཚང་མར་གོང་ཚད་གཅིག་གྱུར་དང་གནས་སྟངས་ ཆ་སྙོམས་ཡོང་ཐབས་སླད་ཞིབ་འཇུག་གིས་གོང་གསལ་འཕྲུལ་ཆས་སོགས་འདི་ཁོངས་ནས་གནང་ འཆར་ཡིན་སྐོར་གསུང་གི་འདུག་པ་མ་ཟད། དེ་ནི་འོས་ཤིང་འཚམས་པ་ཡིན་སྐོར་བསྐྱར་ནན་ཡང་ནན་གྱིས་གསུངས་སོང་བས་བཀའ་ཤག་ གིས་རྒྱབ་གཉེར་ཇི་ཞུས་ལྟར་རེ་ཞིག་རང་སོར་བཞག་ཡོད་ཀྱང། འདི་ནི་སྤོམ་དངུལ་རང་ཡིན་པས་རྗེས་སུ་འཕྲུལ་ཆས་དེ་རིགས་དངོས་སུ་ཉོ་སྐབས་ སྒྲིག་གསལ་གོང་ཚད་འགྲན་ཤོག་གསུམ་ལས་མ་ཉུང་བ་མིག་སྟོན་མ་བྱས་བར་དངུལ་འདོན་ སྤྲོད་མི་ཆོག་པ་དང། གནང་སྲོལ་འདི་ཉིད་ཀྱིས་ལས་ཁུངས་ཚང་མར་གནས་སྟངས་གཅིག་གྱུར་གྱི་སྲིད་བྱུས་ བཟུང་མེད་པ་ནི་ཟུར་བཀོལ་ཁོངས་ལས་ཁུངས་སོ་སོའི་འཕྲུལ་ཆས་འདི་རིགས་གསར་ཉོའི་ འཆར་འབུལ་ལ་རྒྱབ་གཉེར་གནང་འདུག་པས་ཤེས་ཐུབ། གཞན་ཡང་གནང་ཕྱོགས་འདིས་ལས་ཁུངས་སོ་སོའི་ལས་དོན་ནམ་དགོས་མཁོ་ལ་འཐུས་མ་ཤོར་བ་ དགོས་རྒྱུ་གལ་ཆེར་མངོན། རྒྱུ་མཚན་རྩིས་ལོ་ ༢༠༡༡༌༌༌༢༠༡༢ ལོའི་བསྐྱར་བཅོས་སྔོན་རྩིས་སྐབས་འདི་ལྟ་བུའི་ཞལ་བཞེས་གནང་བ་རྣམས་ད་དུང་ གསོལ་བསྩལ་བྱུང་ཡོད་ཚོད་མི་འདུག མ་འོངས་པར་འདི་ལྟ་བུའི་ལས་འཆར་རིགས་ལ་འཆར་རྩིས་ཞིབ་འབུལ་དགོས་པའི་ལམ་སྟོན་ ཕྱི་བཤོལ་མེད་པ་གནང་དགོས་གལ།
- ༧༽ འོས་བསྡུ་ལས་ཁང་གི་དམིགས་བསལ་རྩིས་འགོ་ཨང་ ༢ པར་འཐུང་ཆུ་དག་གཙང་འཕྲུལ་ཆས་ (Water Purifiers) གསར་ཉོའི་འཆར་འབུལ་ཞུས་པར་བཀའ་ཤག་གིས་གཅོག་ཆ་གནང་བ་ལྟར་བཞག་ཡོད་ཀྱང། མ་འོངས་པར་དུས་དང་བསྟུན་པའི་དགོས་མཁོ་འདི་རིགས་བཀའ་དྲུང་ཡིག་ཚང་སོགས་སུ་ ཡོད་པ་ནང་བཞིན་ལས་ཁུངས་གཞན་ལའང་མཐུན་རྐྱེན་བསྐྲུན་དགོས་ངེས་སུ་མཐོང་།
- ༨༽ སྔོན་རྩིས་ཀྱི་རྩིས་ཤོག་ཁག་འགའི་ནང་བསྐྱར་བཅོས་སྔོན་རྩིས་ཀྱི་བཀའ་འཁྲོལ་ གཏན་འབེབས་གོང་འོག་འཁྲུག་སྟེ་བཀོད་པ་དང། བསྐྱར་བཅོས་དང་སྔོན་རྩིས་དབར་གཏན་འབེབས་རྩིས་འགོ་ཁག་གོ་རིམ་མང་པོ་འཁྲུག་པ། རྩིས་ཤོག་གི་རྒྱབ་ལྗོངས་ནང་བྲིས་པའི་གནད་དོན་དང་འབྲེལ་ཡོད་ཀྱིས་གསལ་བཤད་ གནང་བ་མ་མཚུངས་པ་སོགས་ཀྱི་གནས་སྟངས་མང་པོ་ཐོན་བཞིན་འདུག་པ་ཁག ཐོག་མར་འཆར་རྩིས་བཟོ་མཁན་དང། བར་དུ་ཞིབ་འཇུག་གནང་མཁན། མཐའ་མ་རྒྱབ་གཉེར་གནང་མཁན་བཅས་འབྲེལ་ཆགས་ཚང་མས་ཐུགས་སྣང་ཆུང་སྐྱོན་བྱུང་ འདུག་པས་སླད་འདི་རིགས་མི་འབྱུང་ཆེད་གཟབ་ནན་དགོས་གལ།
- ༩༽ ལས་བྱེད་འདེམས་བསྐོ་ལྷན་ཁང་གི་དམིགས་བསལ་རྩིས་འགོ་ཨང་ ༢ པ། ལས་བྱེད་དམིགས་སྒོའི་སྦྱོང་བརྡར་ཆེད་སྒོར་འབུམ་ ༡༠ སྤོམ་དངུལ་ཞུས་འདུག་པ་ནི་འདེམས་ལྷན་རང་ནས་ཐད་ཀར་འཆར་གཞི་བསྒྲིགས་པ་ཞིག་རེད་ མི་འདུག་ཀྱང་ལས་འཆར་གྱི་དམིགས་ཡུལ་གལ་ཆེ་ལ་ལྟོས་ནས་རྒྱབ་གཉེར་རང་འཇགས་ཞུས་ ཡོད། མ་འོངས་པར་འདེམས་ལྷན་རང་གི་ལས་དོན་དང་འབྲེལ་ཆགས་ལས་འཆར་འདི་ལྟ་བུ་དུས་ནས་ དུས་སུ་དང་དུ་བླངས་ཏེ་འཐུས་ཤོར་མེད་པར་འགན་ཁུར་དགོས་རྒྱུ་གལ་གནད་ཆེ་བར་ མཐོང།
- ༡༠༽ ས་གནས་རང་ཚོགས་ཁག་གི་རྒྱུན་གྲོན་ཕྱོགས་བསྡོམས་ཁོངས་ཀ་སྦུག་རང་ཚོགས་རྒྱུན་ གྲོན་ཨང་ ༡༧ དམིགས་བསལ་རྒྱུན་གྲོན་ནང་ལོ་ཐོ་པར་སྐྲུན་གྱི་ཆེད་བཀའ་འཁྲོལ་རྒྱབ་གཉེར་གནང་ བ་འདི་ནས་གཅོག་ཆ་ཞུས་ཡོད། མ་འོངས་པར་དགོས་གལ་གཟིགས་ཚེ་རང་བདེན་ཚོགས་ཆུང་བྱེ་བྲག་པ་ཞིག་ནས་མ་ཡིན་པར་ དཔལ་འབྱོར་ལས་ཁུངས་རང་ནས་ལོ་ཐོའི་ནང་འཁོད་དོན་གནད་རྣམས་བོད་ཡིག་ནང་བཀོད་དེ་ གཅིག་གྱུར་རྒྱ་ཁྱབ་དགོས་རྒྱུ་གལ་ཆེར་མཐོང་།
- ༡༡༽ རྩིས་ལོ་འདིར་ཚོད་དཔག་འཆར་རྩིས་ཚོགས་ཆུང་ནས་གཅོག་ཆ་ཞུས་པ་གྲངས་ ༡༨ ལ་བསྡོམས་ཧིན་སྒོར་ ༡,༦༠༣,༨༢༨ དང༌། སྤར་ཆ་ཞུས་པ་གྲངས་ ༢ ལ་བསྡོམས་ཧིན་སྒོར་ ༩༣,༩༦༥ ཡོད།
དྲུག་པ། ཚོད་དཔག་འཆར་རྩིས་ཚོགས་ཆུང་ཁག་གི་སྔ་རྗེས་སྙན་ཐོར་མཇུག་གནོན་མ་བྱུང་བ།
- ༡༽ སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་སྔ་རྗེས་ཀྱི་སྙན་ཐོར་རྩིས་བརྗོད་ཡིག་ ཆ་ཁག་གི་ནང་ཡིག་ནོར་མང་དག་ཡོང་འདུག་པར་ཐུགས་སྣང་གནང་དགོས་གཞེན་སྐུལ་རིམ་པར་ ཞུས་འདུག་ཀྱང། ཡར་རྒྱས་གཏོང་རྒྱུའི་ཚབ་ཏུ་ཁྱོད་ཚོ་ལ་དགོས་ན་འདི་ཡིན་ཞེས་པའི་བཟོ་འདྲ་བྱས་ ཏེ་ད་ལོ་ཡིག་ནོར་མང་དུ་ཕྱིན་འདུག སྤྱིར་བཏང་བྲེལ་ཟིང་དབང་གིས་ཡིག་ནོར་རེ་ཟུང་ཤོར་མི་སྲིད་པ་མིན་ཀྱང། ཡི་གེ་ནོར་བའི་དབང་གིས་དོན་ནོར་ཆེན་པོ་ཡོང་ཉེན་འདུག་པ། དཔེ་མཚོན་ཙམ་རང་སོར་བཞག་ན། ཕྱི་དྲིལ་ཟུར་བཀོལ་ ༡༌༤ ཀ རྒྱབ་ལྗོངས་ཨང་ ༡ ནང་“དབུ་མེད་ལམ་གོ་རྟོགས་ལས་འགུལ།” ཞེས་དང་། དེའི་གཤམ་དུ་“དབུ་མིད་ལམ་སྐོར་”ཞེས་པ་སོགས་དང། ཡང་དམིགས་བསལ་ཨང་ ༡ རྒྱབ་ལྗོངས་ ༢༠།༩ ནང་“ད་ ཡོད་སྒོར་དྲུག་དང་སྐོུ་རྣམས་པ་ཆེད་དུ་ཡོད་བཞིན་པའི་དོར་གློག་འཁྲུལ་འཁོར་ འདི་བཞིན་ལོ་མང་སོང་ནས་བཟོ་བཙོས་དང་ངེས་སྲུང་འགྲོ་གྲོན་ཅི་ཆེ་འགྲོ་བཞིན་ འདུག་ན་ འདི་ལས་རྙིན་པ་ཕར་གཅོང་ནས་གསར་ཉོ་བྱེད་ན་གང་སྤྱི་ཐད་ནས་ཕན་ཡོན་ཡོད་ངེས་ལ་ སོང་དཔར་གློག་འཕྲུལ་འཁོར་གསར་པ་དགོས་ངེས་ཡིན་ལགས་པ་ཞུས།”ཞེས་བྲིས་ འདུག་པ་སོགས་གོ་དོན་རྟོགས་དཀའ་བའི་ཡིག་ནོར་མང་ཤོས་ཕྱི་དྲིལ་ལས་ཁུངས་སུ་ འདུག་པ་དང་། གཞན་ལས་ཁུངས་མང་པོའི་རྩིས་བརྗོད་ནང་ཡིག་ནོར་ཇི་སྙེད་ཅིག་འདུག་པས་སླད་འབྲེལ་ ཡོད་གོང་རིམ་མམ། བཀའ་ཤག་ནས་ཡིག་ནོར་རེ་རེ་བཞིན་ཐེར་འདོན་གྱིས་དེ་རིགས་མི་ཡོང་བའི་ཐུགས་འགན་ དམིགས་གསལ་ངེས་བཞེས་དགོས་གལ།
- ༢༽ སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་རིམ་པའི་སྙན་ཐོའི་ནང་སྒྲིག་དོན་བཞིན་ ལས་འབོར་ཉམས་ཞིབ་ཚོགས་ཆུང་བསྐོ་འཛུགས་གནང་གལ་ཞེས་འཁོད་འདུག་ཀྱང༌། ད་བར་ཚོགས་དྲུང་ལས་ཁུངས་སུ་སྙན་ཐོ་འབྱོར་སོན་བྱུང་མི་འདུག་པས་སྒྲིག་དོན་ བཞིན་ལས་འབོར་ཉམས་ཞིབ་ཚོགས་ཆུང་ཚད་ལྡན་འཛུགས་རྒྱུའམ། ཡང་ན་ཡིག་ཐོག་བཀོད་པ་ཙམ་ལས་སྒྲིག་དོན་ལག་བསྟར་ཚུལ་མཐུན་མེད་པར་ཆུ་ལམ་ཞུགས་ དང་། རྡོ་ལག་བརྒྱུད་ལྟ་བུའི་ངང་མུ་མཐུད་ཕེབས་འཆར་ཡིན་ཚེ་གྲོས་ཚོགས་ནས་ཀྱང་དེ་དང་ བསྟུན་པའི་སྟངས་འཛིན་ནན་པོ་གནང་དགོས་གལ།
- ༣༽ སྔ་ལོའི་སྙན་ཐོ་ཨང་ ༥།༡ གི་ནང་དོན་ལྟར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་སྙན་ཐོའི་ དགོངས་དོན་ལག་བསྟར་ཞུ་རྒྱུའི་ཁོངས་སྤྱི་ལྷན་གྲོས་ཚོགས་རིམ་པའི་ནང་དབུ་མའི་ ལམ་གྱི་སྐོར་གྲོས་ཆོད་སོགས་ཇི་ཡོད་ཕྱོགས་བསྒྲིགས་དེབ་གྲངས་ ༢༨༠༠ ཙམ་རྩིས་ལོ་ ༢༠༡༡་་་༢༠༡༢ ལོར་བཀའ་ཤག་ནས་སྣར་ཐང་པར་ཁང་དུ་བཀོད་རྒྱ་གནང་ནས་ལག་བསྟར་ངེས་ཐུབ་དགོས་སྐོར་ གསལ་བ་ལག་བསྟར་བྱུང་ཡོད་ཚོད་མི་འདུག
བདུན་པ། མཇུག་བསྡོམས།
ང་ཚོའི་ལས་དོན་ཐོག་མཐུན་འགྱུར་གནང་མཁན་གཙོ་བོ་དཔལ་ལྡན་ཚོགས་གཙོ་སྦྲེལ་ པོ་མཆོག་དང་། དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག ཚོགས་དྲུང་མཆོག དཔལ་འབྱོར་སྔོན་རྩིས་སྡེ་ཚན་གྱི་འགན་འཛིན། འབྲེལ་ཡོད་ལས་ཁུངས་ཁག་གི་རྩིས་པ། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་བཅས་ཀྱིས་མཉམ་རུབ་མཐུན་འགྱུར་གནང་བར་ ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ། བཀོད་ཁྱབ་གཞིར་བཟུང་ལས་དོན་དུས་ཐོག་མཇུག་བསྒྲིལ་གྱིས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་མཆོག་ལ་ལས་བསྡོམས་ སྙན་ཐོ་རྩིས་སྤྲོད་ཞུས་པ་བཅས།།
* ༡༽ སྤྱི་འཐུས་པདྨ་འབྱུང་གནས། ཚོགས་གཙོ།
* ༢༽ སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། ཚོགས་དྲུང།
* ༣༽ སྤྱི་འཐུས་རྒྱ་རིགས་ཐར། ཚོགས་མི།
* ༤༽ སྤྱི་འཐུས་འཇམ་དབྱངས་བཟོད་པ། ཚོགས་མི།
* ༥༽ སྤྱི་འཐུས་འཇིགས་མེད་འབྱུང་གནས། ཚོགས་མི།