![](https://bod.jalus.net/wp-content/uploads/2025/02/Screenshot-2025-02-12-at-7.42.02 PM-e1739369560126.png)
ཞུ་གཏུག་གི་ལས་འགུལ་དེ་སྡེ་ཚན་གཙོ་བོ་གསུམ་གྱི་ནང་བཀོད་སྒྲིག་བྱས་པའི་ནང་། དང་པོ་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་ལྷན་ཁང་གི་རྒྱ་ནག་སྡེ་ཚན་གྱི་ལས་བྱེད་ལྷན་དུ་མཇལ་འཕྲད་ཚོགས་འདུ། གཉིས་པ་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་ཚབ་ཚོ་དང་ལྷན་ཚོགས་འདུ། གསུམ་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་ལས་ (UN Special Rapporteurs) ཚོ་དང་ལྷན་དུ་ཚོགས་འདུ་བཅས་ཞུ་གཏུག་གོ་སྒྲིག་གནང་བ་བཞིན་ཞུ་གཏུག་གི་ལས་འགུལ་འགྲོ་དང་འགྲོ་མུས་སུ་ཡོད།
ད་ལན་ཞུ་གཏུག་གི་སྐབས་སུ་གཙོ་བོ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་དེ་སྔོན་ཞུ་གཏུག་གནང་མྱོང་མེད་པའི་རྒྱལ་ཁབ་ཆུང་བ་ཁག་གི་གཞུང་ཚབ་ཁག་དང་རྒྱུན་ལྡན་ནས་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཆེ་ཁག་གཉིས་ཀ་ཡོད་པ་དང་། ཞུ་གཏུག་སྐབས་གཞུང་ཚབ་མང་པོ་ཞིག་གིས་བོད་དོན་ལ་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་ཤུགས་ཆེ་སྟོན་པ་དང་། རྒྱལ་ཚོགས་ཀྱི་ཚོགས་བཞུགས་རྒྱལ་ཁབ་ཆུང་བ་རྣམས་ཀྱིས་གསུང་དོན་དུ། སྤྱིར་རྒྱལ་ཁབ་ཆེ་བ་ཁག་ལ་དཔལ་འབྱོར་དང་། དམག་དོན། ཐབས་བྱུས་ཀྱི་གནད་དོན་ཐད་ལ་བརྟེན་དགོས་པའི་རྐྱེན་གྱིས་བོད་དོན་ཐོག་ཐབས་ལམ་མཁས་པོའི་ངང་ནས་རྒྱབ་སྐྱོར་གནང་རྒྱུ་ལས་ཐད་ཀར་གདོང་ཐུག་གིས་གནང་རྒྱུ་ཕྲན་བུ་ཁག་པོ་ཡོད་ཅེས་གསལ་བཤད་དང་། གལ་ཏེ་བོད་དོན་དང་འབྲེལ་བའི་གནད་དོན་ཁག་དུས་དང་རན་པ་ཞིག་ལ་ཕྱི་འབྲེལ་གྱི་ལམ་ནས་གླེང་སློང་བྱ་རྒྱུའི་དུས་སུ་འབབ་ཚེ་དངོས་སུ་རྒྱབ་སྐྱོར་གནང་གི་ཡིན་ཞེས་ཁས་ལེན་གནང་ཡོད།
![](https://bod.jalus.net/wp-content/uploads/2025/02/Screenshot-2025-02-12-at-7.47.28 PM-e1739369972796.png)
སྒོ་བསྡམས་ཀྱི་ཚོགས་འདུ་དེ་དག་གི་ནང་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་དང་། སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས། སུད་སི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞུ་གཏུག་པ་ཕུན་ཚོགས་སྟོབས་རྒྱལ་ལགས་བཅས་མཉམ་ཞུགས་གནང་ཡོད། ཉིན་ལྔའི་ལས་འགུལ་དེའི་རིང་བོད་དོན་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ད་བར་རྒྱལ་ཁབ་མི་འདྲ་བའི་གཞུང་ཚབ་པ་ ༦ ཞུ་གཏུག་ཟིན་པ་དང་། ད་དུང་གཞུང་ཚབ་མི་འདྲ་བ་ ༧ ལྷག་ལ་ཞུ་གཏུག་བྱ་རྒྱུ་ལྷག་ཡོད་པ་མ་ཟད། འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་ལྷན་ཁང་གི་རྒྱ་ནག་སྡེ་ཚན་གྱི་ལས་བྱེད་ལྷན་དུ་མཇལ་འཕྲད་ཀྱིས་ཞུ་གཏུག་བྱ་འཆར་དང་། དེ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་ལས་ (UN Special Rapporteurs) ཚོ་དང་ལྷན་དུ་ཞུ་གཏུག་གནང་རྒྱུའི་ལས་རིམ་མུ་མཐུད་འགྲོ་མུས་སུ་ཡོད་པ་བཅས། །