༄༅། །ཨོསྟྲེ་ལི་ཡཱའི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་གཙོས་ཨོསྟྲེ་ལི་ཡཱ་དང་། ནིའུ་ཛི་ལེནྜ་ནང་ཡོད་པའི་རྒྱ་ནག་གཞུང་གིས་གཉའ་གནོན་འོག་ཚུད་པའི་མཐུན་ཕྱོགས་ཚོགས་པ་དང་། རྒྱ་ནག་མང་གཙོ་དོན་གཉེར་བའི་མཐུན་ཚོགས། ཨོསྟྲེ་ལི་ཡཱདང་ནིའུ་ཛི་ལེནྜ་ནང་ཡོད་པའི་བོད་རྒྱ་མཛའ་འབྲེལ་ཚོགས་པ་སོགས་ཀྱི་གོ་སྒྲིག་འོག་ཉེ་ལམ་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༨ དང་ ༩ ཉིན་ཨོསྟྲེ་ལི་ཡཱའི་རྒྱལ་ས་ཁེན་བྷ་རར་བོད་རྒྱ་མཉམ་མཐུན་ཚོགས་འདུ་བསྐོང་ཚོགས་གནང་ཡོད།
དེ་ཡང་བོད་རྒྱ་མཉམ་མཐུན་ཚོགས་འདུ་འདི་བཞིན་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་རྒྱ་ནག་དམར་གཞུང་གི་དབང་བསྒྱུར་འོག་མནར་གཅོད་མྱོང་མཁན་བོད་མི་དང་། ཡུ་གུར། རྩ་རླུང་སྒོམ་སྒྲུབ་ཉམས་ལེན་པ། རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་མི་གྲངས་ ༥༠ ཙམ་མཉམ་ཞུགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་བའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་མདུན་སྐྱོད་ཡོང་ཐབས་དང་། རྒྱ་ནག་མང་གཙོའི་རྒྱལ་ཁབ་ཅིག་ཏུ་སྒྱུར་ཐབས། རྒྱ་ནག་གཞུང་གི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སོགས་ཀྱི་ཐད་གོ་བསྡུར་སྦྱངས་བཤད་སོགས་གནང་ཡོད།ཨོསྟྲེ་ལི་ཡཱའི་རྒྱལ་ས་ཁེན་བྷ་རར་བསྐོང་ཚོགས་གནང་བའི་བོད་རྒྱ་མཉམ་མཐུན་ཚོགས་འདུ་འདིའི་ཐོག་ཕེབས་པའི་ཚོགས་བཅར་ཐུན་མོང་ནས། རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཐན། ལྷོ་སོག ཧོང་ཀོང་བཅས་སུ་འཆར་གཞི་ལྡན་པའི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚབས་ཆེ་བཏང་དང་གཏོང་བཞིན་པར་ངོ་རྒོལ་སྐྱོན་བརྗོད་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་རྒྱ་ནག་གཞུང་ནས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་དགོས་པ། ༸སྐུའི་ཡང་སྲིད་ངོས་འཛིན་གྱི་སྐུ་དབང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་པོ་ཆེ་མཆོག་ཁོ་ནར་ཡོད་པ་དང་། རྒྱ་ནག་གཞུང་ནས་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱེད་མི་ཆོག་པའི་བསྒྲགས་གཏམ་སྤེལ་ཡོད། གཞན་ཡང་བསྒྲགས་གཏམ་འདིའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་འཐབ་རྩོད་དང་། བྱམས་བརྩེ་གོང་འཕེལ། ཆོས་ལུགས་མཐུན་སྒྲིལ། ཁོར་ཡུག་སྲུང་སྐྱོབ། འཛམ་གླིང་ཞི་བདེ་སོགས་ཀྱི་མཛད་འཁུར་ལ་བཀའ་དྲིན་རྗེས་དྲན་དང་སྦྲགས། ༸སྐུའི་གོ་སྟོན་སྲུང་བརྩིའི་ཚོགས་ཆེན་རྒྱས་པ་ཞིག་བསྐོང་ཚོགས་གནང་རྒྱུ་ཡིན་སྐོར་འཁོད་འདུག ལྷག་པར་བསྒྲགས་གཏམ་འདིའི་ནང་ཨོསྟྲེ་ལི་ཡཱའི་སྲིད་གཞུང་ནས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་རྒྱལ་སྤྱིའི་མེག་ནི་སི་ཀི་(Magnitsky) ཁྲིམས་སྒྲིག་ལག་བསྟར་ཡོང་བ་དང་། རྒྱ་ནག་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་བརྩི་སྲུང་དགོས་པ་མ་ཟད། ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་ཡོང་སླད་ཨོ་གླིང་གཞུང་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པ་འཁོད་འདུག