༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ཀརྨ་དགེ་ལེགས་ལགས་དང་། སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་ལགས་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ པའི་ཚེས་ ༥ ནས་ ༨ བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་གཞུང་འབྲེལ་ལས་རིམ་ཁག་གྲུབ་རྗེས། ཐེངས་འདིའི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད།
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༢ པའི་ཚེས་ ༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་མའེ་སོར་རླངས་འཁོར་འབབ་ཚུགས་སུ་ཕེབས་འབྱོར་སྐབས། སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་ཀྱི་ས་འགོ་ལས་ཁུངས་ཀྱི་དྲུང་ལས་བསྟན་འཛིན་ནོར་འཛིན་ལགས་ཀྱིས་ཕེབས་བསུའི་སྣེ་ལེན་དང་སྦྲགས་སྦེལ་ཀོབ་བདེ་སྐྱིད་སླར་གསོ་གཞིས་ཆགས་སུ་ཕེབས་ཐོན་དང་། ཉིན་གུང་ཆུ་ཚོད་ ༡༢།༡༥ ཐོག་བཞུགས་གནས་ས་སྐྱའི་མགྲོན་ཁང་ལ་ཕེབས་འབྱོར་མཚམས། ས་གནས་འགོ་འཛིན་འཆི་མེད་རྡོ་རྗེ་ལགས་དང་། ས་གནས་རང་བདེན་ཚོགས་གཙོ་བསྟན་འཛིན་དབྱངས་སྐྱིད་ལགས། ས་གནས་མཉམ་འབྲེལ་ཚོགས་གཙོ་རྣམ་རྒྱལ་འབྱོར་ལྡན་ལགས་བཅས་ནས་སྣེ་ལེན་ཕེབས་བསུ་ཞུས་འདུག
ཕྱི་ཟླ་ ༢ པའི་ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ས་གནས་འགོ་འཛིན་འཆི་མེད་རྡོ་རྗེ་ལགས་དང་ལྷན། སྤྱི་འཐུས་རྣམ་པ་གཉིས་༧རྒྱལ་བའི་ཕོ་བྲང་དུ་གནས་མཇལ་ལ་ཕེབས་འབྱོར་མཚམས། གཞིས་ཆགས་ཁྱབ་ཁོངས་རང་བདེན་ཚོགས་ཆུང་གི་ལས་སྣེ་དང་། ས་གནས་མཉམ་འབྲེལ་ཚོགས་གཙོ། སྤྱི་མིའི་འཐུས་མི་བཅས་ནས་སྣེ་ལེན་ཕེབས་བསུ་ཞུས་པ་དང་། གནས་མཇལ་གྲུབ་མཚམས། ས་གནས་འགོ་འཛིན་ནས་ལས་སྣེ་རྣམས་ངོ་སྤྲོད་གནང་འདུག
དེ་ནས་ཕྱི་ཚེས་ ༨ བར་རིམ་པས། འབྲི་གུང་བཀའ་བརྒྱུད་ཐུབ་བསྟན་བཤད་སྒྲུབ་བྱང་ཆུབ་གླིང་དང་། པདྨ་གསང་སྔགས་ཆོས་འཁོར་གླིང་། ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ་བཅས་ལ་མཆོད་མཇལ་ཕེབས་པ་དང་། བཀྲ་ཤིས་ལྷུན་པོའི་མཁན་པོ་༧སྐྱབས་རྗེ་གཟིག་རྒྱབ་རིན་པོ་ཆེ་མཆོག་ལ་མཇལ་བཅར། དེ་བཞིན་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་རང་བདེན་ཚོགས་ཆུང་། ས་གནས་མཉམ་འབྲེལ་ལས་ཁུངས། བདེ་སླར་ལྷ་མོ་ཚོགས་པའི་ལས་ཁུངས། སཾ་བྷོ་ཊ་སི་ཝི་པི་སློབ་གྲྭ། བདེ་སླར་རྩེད་མོ་ཚོགས་པའི་ལས་ཁུངས། བདེ་སླར་འོ་མ་ཚོགས་པའི་ལས་ཁུངས། གྲོང་སྡེ་ ༡༢ ནང་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་རུབ་སྡོད་གཞིས་སྒར་ལས་གཞིའི་ས་ཆ་དང་། གྲོང་སྡེ་ ༡༢ ཀྱི་མཐའ་མཚམས་ས་ཆ། འཚོ་བྱེད་ཁང་གསར་སྨན་ཁང་། སཾ་བྷོ་ཊ་བདེ་སླར་སྔོན་འགྲོ་སློབ་གྲྭ། བཀྲ་ཤིས་ལྷུན་པོའི་ཉེ་འཁྲིས་སུ་ཡོད་པའི་བོད་མིའི་སྒྲིག་འཛུགས་ཀྱི་རུབ་སྡོད་གཞིས་སྒར་ལས་གཞིའི་ས་ཆ། མངའ་གཞུང་ཤིང་ནགས་ལས་ཁུངས་ནས་ཕྱིར་བསྡུ་བྱས་ཡོད་པའི་ས་ཆ། ས་གནས་སྨན་ཁང་། གྲོང་སྡེ་ཁག་བཅས་ལ་རིམ་པས་གཟིགས་སྐོར་ཕེབས་ཡོད་འདུག
ཕྱི་ཟླ་ ༢ པའི་ཚེས་ ༧ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སཾ་བྷོ་ཊ་སི་ཝི་པི་སློབ་གྲྭར་གཟིགས་སྐོར་ཕེབས་སྐབས་སྤྱི་འཐུས་རྣམ་གཉིས་ནས་དགེ་སློབ་རྣམས་ལ་གསུང་བཤད་དང་། དེ་བཞིན་ཕྱི་དྲོ་ཆུ་ཚོད་ ༣།༠༠ ཐོག་གཞིས་ཆགས་ཀྱི་གནད་ཡོད་མི་སྣ་རྣམས་དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཤིང་། ཐོག་མར་བདེ་སླར་ས་གནས་འགོ་འཛིན་འཆི་མེད་རྡོ་རྗེ་ལགས་ནས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་དང་། དེ་ནས་སྤྱི་འཐུས་རྣམ་གཉིས་ནས་བོད་མིའི་སྒྲིག་འཛུགས་སྐོར་དང་། བོད་པའི་སྤྱི་ཚོགས་ཀྱི་འགྱུར་འགྲོས། གཞིས་ཆགས་སྲ་བརྟན་གྱི་གལ་གནད་སྐོར་ལ་གསུང་བཤད་དང་། ཕན་ཚུན་དགོངས་ཚུལ་བརྗེ་ལེན་དང་དྲི་བ་དྲིས་ལན་གནང་ཡོད་འདུག
ཕྱི་ཟླ་ ༢ པའི་ཚེས་ ༨ ཉིན་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་གཞིས་ཆགས་མི་མང་འདུ་འཛོམས་ཐོག་ཚོགས་འདུ་ཚོགས་ཤིང་། ཐོག་མར་ས་གནས་འགོ་འཛིན་ནས་འཚམས་འདྲིའི་གསུང་བཤད་དང་། སྤྱི་འཐུས་རྣམ་པ་གཉིས་ཀྱི་ལོ་རྒྱུས་ངོ་སྤྲོད་སྙིང་བསྡུས་རེ་སྙན་སྒྲོན་ཞུས་རྗེས། སྤྱི་འཐུས་ཀརྨ་དགེ་ལེགས་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་འཕེལ་རིམ་སྐོར་དང་། སྤྱི་འཐུས་དཔོན་ཚང་བློ་བཟང་ཐུབ་བསྟན་ལགས་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ལ་གསུང་བཤད་བཅས་གནང་རྗེས། མང་ཚོགས་ཀྱི་དགོངས་ཚུལ་དང་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག་པ་དང་། ཉིན་གུང་ཆུ་ཚོད་ ༠༡།༥༥ ཐོག་ཅ་ཀུར་བོད་རིགས་མང་ཚོགས་ཐུག་འཕྲད་ཀྱིས་གོང་བཞིན་བརྗོད་གཞིའི་ཐོག་གསུང་བཤད་གནང་སྟེ། ཐེངས་འདིའི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ལེགས་གྲུབ་བྱུང་ཡོད་པ་བཅས། །