༄༅། །ཨིན་ལེན་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༩ རེས་གཟའ་ཉི་མའི་ཉིན་འཁོན་རིགས་བསྟན་པའི་གསལ་བྱེད་དཔལ་ས་སྐྱ་ཕུན་ཚོགས་ཕོ་བྲང་གི་གདུང་སྲས་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག་ཨིན་ལེན་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཁང་ཐེབས་རྩའི་ལོན་ཌོན་གཟའ་མཇུག་སློབ་གྲྭའམ་ལོན་ཌོན་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭར་འཚམས་གཟིགས་གནང་ཡོད།
དེ་ཡང་ཐོག་མར་སློབ་གྲྭའི་བོད་ཀྱི་སྐད་ཡིག་རྒན་ཀུན་བཟང་ལགས་ཀྱིས་སྣེ་ཁྲིད་འོག་སློབ་ཕྲུག་རྣམས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གྲུབ་མཚམས་༸སྐུའི་གཅེན་པོ་དང་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགོངས་པ་རྫོགས་པར་བསྔོ་སྨོན་གསུང་འདོན་ཞུས་མཚམས་ཞོགས་ཚོགས་ཀྱི་ལས་རིམ་ཁོངས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་བརྙན་ཐུང་ཞིག་གཟིགས་འབུལ་ཞུ་བ་དང་། དེ་ནས་འཛིན་གྲྭ་གསུམ་གྱི་སློབ་མ་རེ་རེས་བོད་ཡིག་ཚིག་བཅད་རེ་ཀློག་འདོན་གནང་གྲུབ་རྗེས་སློབ་གྲྭའི་འཛིན་སྐྱོང་འགན་འཁུར་བ་དོན་ཁང་གི་བོད་ཁང་ཐེབས་རྩའི་དྲུང་ཆེ་དྲུང་ལས་བསྟན་འཛིན་མཛེས་ལྡན་ལགས་ནས་རིན་པོ་ཆེ་མཆོག་ལ་དགའ་བསུའི་འཚམས་འདྲི་ཞུ་བ་དང་སྦྲགས། ཁོང་གི་སྐུ་ཚེའི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་གནང་བ་དང་། དེ་བཞིན་སློབ་གྲྭ་དང་། དགེ་རྒན་རྣམས་ངོ་སྤྲོད་གནང་རྗེས་ཨིན་ལེན་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ནས་བོད་མི་རིགས་ཀྱི་ངོ་བོ་དང་། ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ལས་དོན་ཐོག་ཕྱི་རྒྱལ་དུ་ཡོད་པའི་གཟའ་མཇུག་སློབ་གྲྭའི་གལ་གནད་དང་། དེ་བཞིན་འབྲེལ་ཡོད་ཕ་མ་དང་ནང་མི་རྣམས་ནས་རང་ཁྱིམ་དུ་བོད་སྐད་སྐྱོན་དགོས་པའི་འོས་འགན་ཡོད་སྐོར་གསུང་བཤད་གནང་།
དེ་རྗེས་གདུང་སྲས་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག་ནས་འབྲེལ་ཡོད་ཕ་མ་རྣམས་གཟའ་མཇུག་ལ་ངལ་གསོ་སྐྱོན་དགོས་པའི་དུས་ཚོད་ཡིན་ནའང་། སོ་སོའི་བུ་ཕྲུག་སློབ་གྲྭར་ཁྲིད་གནང་བ་ནི་ཧ་ཅང་ཡག་པོ་ཡིན་པར་བསྔགས་བརྗོད་གནང་། དེ་བཞིན་མི་ལུས་དོན་དང་ལྡན་པ་ཞིག་དགོས་ན་སློབ་སྦྱོང་དང་སྤྱོད་ལམ་གཉིས་ཀ་གལ་ཆེན་པོ་ཡིན་སྐོར་གསུངས་ཤིང་། ས་སྐྱ་ལེགས་བཤད་ལས། ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། མ་བསྡུས་པར་ཡང་རང་ཉིད་འདུ། དྲི་ཞིམ་མེ་ཏོག་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། ཞེས་གསུངས་པ་ལྟར། རང་ལ་སློབ་སྦྱོང་ཡོད་ན་མི་རྣམས་རང་ལ་རང་བཞིན་གྱིས་འཁོར་གྱི་ཡོད་པས་བོད་ཕྲུག་ཚང་མས་སློབ་གཉེར་གང་ལེགས་གནང་ནས་བོད་སྤྱི་བའི་སྲི་ཞུ་སྒྲུབ་ཐུབ་ཐབས་གནང་དགོས་པ་སོགས་བཀའ་སློབ་ཟབ་མོ་གནང་མཚམས། ཕ་མའི་ཚོགས་ཆུང་གི་ངོས་ནས་རྒན་ཀུན་བཟང་ལགས་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་། དེ་ནས་རིན་པོ་ཆེ་མཆོག་འཛིན་གྲྭ་གསུམ་ལ་རེ་མོས་བཞིན་གཟིགས་ཞིབ་གནང་ཡོད། ལས་རིམ་ཆ་ཚང་གྲུབ་མཚམས་དོན་ཁང་ནས་གསོལ་ཚིགས་འདེགས་འབུལ་ཞུས་ཡོད་པ་བཅས། །