༄༅། །འདི་གར་བྱང་ཨ་རི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༥ ལོ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དངོས་སུ་བོད་ལུགས་དགུང་གྲངས་དགུ་བཅུ་ཐམ་པར་ཕེབས་འགོ་ཚུགས་པའི་ལོ་ཞིག་ཡིན་པ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་ཨ་རིའི་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པ་བཞི་ཐུན་མོང་གིས་ཨ་རིའི་ཤར་ཕྱོགས་ཀྱི་ས་ཁུལ་ནིའུ་ཡོག་དང་། དབུས་ནུབ་ཀྱི་ས་ཁུལ་མི་ནི་སོ་ཊ། ཝི་སི་ཀོན་སིན། ཅི་ཀ་གྷོ་བཅས་བོད་མི་འདུས་སྡོད་མང་བའི་ས་ཁུལ་བཞིར་ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༣ ནས་ ༢༤ བར་བོད་དོན་སྐོར་བསྐྱོད་འགྲེམས་སྟོན་གནང་དང་གནང་བཞིན་པའི་ཁོངས་ནས་ནིའུ་ཡོག་ནང་གི་འགྲེམས་སྟོན་འདི་ཚེས་ ༦ ཉིན་མཇུག་སྒྲིལ།སྐོར་བསྐྱོད་འགྲེམས་སྟོན་ཆེད་ཨ་རིར་ཕེབས་པའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས་དང་། འགྲེམས་སྟོན་ཚན་པའི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་དངོས་གཞིའི་འགྲེམས་སྟོན་འགོ་མ་ཚུགས་གོང་སྟེ། ཚེས་ ༣ སྔ་དྲོ་ལོ་ ༨༠ ཙམ་གྱི་ལོ་རྒྱུས་ཡོད་པའི་བོད་ཀྱི་སྒྱུ་རྩལ་འགྲེམས་སྟོན་ཁང་ (The Jacques Marchias Museum of Tibetan Art) གི་འགན་འཛིན་ (Executive Director) ཎི་ཁཱོ་སི་མོ་ནི་ (Nico Simoni) ལགས་དང་། ཉིན་རྒྱབ་ཨ་རི་བོད་ཁང་གི་འགན་འཛིན་(Executive Director) དགའ་ལྡན་ཐར་མཱན་ (Ganden Thurman) ལགས་དང་མཉམ་དུ་ལས་དོན་སྐོར་གོ་བསྡུར་གནང་། ཚེས་ ༦ ཉིན་རུ་པིན་འགྲེམས་སྟོན་ཁང་ (Rubin Museum) གི་འགན་ཁུར་བ་ (Exhibition Manager) ཁི་རི་སི་ཊིན་ཁཱོ་ལའོ་སཱ་ (kirstin clouser) ལགས་དང་མཇལ་སྟེ་ཕན་ཚུན་རྒྱུས་ལོན་དང་། མ་འོངས་མཉམ་ལས་བྱེད་ཕྱོགས་ཐད་བཀའ་མོལ་གནང་།
ཚེས་ ༤ ཉིན་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་ཕུན་ཚོགས་སྡེ་བཞིའི་ནང་ཉིན་གསུམ་གྱི་འགྲེམས་སྟོན་དངོས་གཞི་འགོ་ཚུགས། ནིའུ་ཡོག་སེར་བྱེས་ནང་པའི་རིག་གཞུང་བསྟི་གནས་ཁང་གི་དབུ་བླ་སྐྱབས་རྗེ་ཆོས་འཁོར་རིན་པོ་ཆེ་མཆོག་ནས་དབུ་འབྱེད་གྱི་དར་མཚོན་བྲེག་པ་གནང་། བྱང་ཨ་རི་སྐུ་ཚབ་དོན་གཅོང་ཁང་གི་བོད་རིགས་འབྲེལ་མཐུད་པ་དྲུང་ཟུར་ཀུན་དགའ་བཀྲ་ཤིས་ལགས་ནས་རིན་པོ་ཆེ་མཆོག་ལ་ཐེངས་འདིའི་སྐོར་བསྐྱོད་འགྲེམས་སྟོན་གྱི་སྤྱིའི་གནས་ཚུལ་ངོ་སྤྲོད་ཞུས་རྗེས། དྲུང་འཕར་དང་འགྲེམས་སྟོན་ཚན་པའི་འགན་འཛིན་ནས་འགྲེམས་སྟོན་གྱི་པར་རིས་སྣ་ཚོགས་དང་། བོད་ཀྱི་ཊམ་ཀ་ཤོག་དངུལ་སོགས་འགྲེམས་སྟོན་དངོས་རྫས་བརྒྱ་ལ་ཉེ་བ་རེ་རེ་བཞིན་ངོ་སྤྲོད་ཞུས། ཆོས་འཁོར་རིན་པོ་ཆེ་མཆོག་གིས་འགྲེམས་སྟོན་གྱི་ནང་དོན་ཤིན་ཏུ་ཕུན་སུམ་ཚོགས་ཤིང་། ང་ཚོས་ཤེས་དགོས་པ་མང་པོ་འདུག་པས་མ་འོངས་བོད་ཀྱི་སོན་རྩ་ཡིན་པའི་རང་རིགས་གཞོན་སྐྱེས་ཚོས་འགྲེམས་སྟོན་དེ་ངེས་པར་དུ་གཟིགས་པར་ཕེབས་དགོས་པ་བརྙན་ལམ་ནས་འབོད་སྐུལ་གནང་། འགྲེམས་སྟོན་དངོས་རྫས་བརྒྱ་སྐོར་བཀྲམས་ཡོད་པ་དེ་དག་གི་ནང་དོན་སྙིང་པོར་བསྡུས་ན། ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་བའི་མཛད་པ། སྔ་མོའི་ཊམ་ཀ་དང་ཤོག་དངུལ་དང་འབྲེལ་བའི་བོད་ཀྱི་ལོ་རྒྱུས། བོད་མཐོ་སྒང་གི་རང་བྱུང་སྐྱེས་ཁམས་ཁོར་ཡུག ༸གོང་ས་མཆོག་དང་བོད་དོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་བཅས་ཀྱི་ནང་དོན་ཚུད། དྲུང་འཕར་དང་འགྲེམས་སྟོན་འགན་འཛིན་གྱིས། ཉིན་གསུམ་རིང་གཞུང་ཞབས་ཟུར་པ་དང་། ལོ་ཆུང་གཞོན་ནུ་ཐེ་བའི་རང་རིགས་རྒན་དར་གཞོན་གསུམ་དང་། སོག་རིགས་དང་རྒྱ་རིགས་བཅས་ཁྱོན་བསྡོམས་མི་གྲངས་ ༡༥༠༠ སྐོར་འགྲེམས་སྟོན་གཟིགས་པར་ཕེབས་ཁྲོད་ནས་གཞོན་སྐྱེས་དང་། ཟླ་སྣང་རིག་གཞུང་སློབ་གྲྭ་དང་བློ་གསལ་སྐྱེད་ཚལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་འཛིན་གྲྭའི་སློབ་ཕྲུག་གིས་དོ་སྣང་ཆེན་པོ་བྱེད་སྟངས་མཐོང་དུས་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཞེས་གསུང་པ་དང་། ཡང་ཁོང་གཉིས་ཀྱིས་འགྲེམས་སྟོན་གཟིགས་པར་ཕེབས་མཁན་ཚོའི་ལོ་ནའི་བབ་དང་བསྟུན་ནས་བོད་ནང་གཟིགས་སྐོར་སྐུ་ཚབ་ཚོགས་པ་སྔ་རྗེས་ཐེངས་བཞི་ཕེབས་པའི་སྐོར་ (Fact finding Delegates 1979-85) དང་། ༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་སྐོར། (In search of Jewel) བདེ་སྐྱིད་ཀྱི་འོས་འགན་ (Mission Joy) ཞེས་པའི་དངོས་བྱུང་གློག་བརྙན་བསྟན་པར་མང་པོས་དོ་སྣང་དང་དགའ་མོས་བྱས་སོང་བ་བཅས། མདོར་ན་ནིའུ་ཡོག་ནང་གི་ཉིན་གསུམ་རིང་གི་འགྲེམས་སྟོན་དང་། ངོ་བོ་མཚུངས་པའི་འབྲེལ་ཡོད་སྒྱུ་རྩལ་ཁང་དང་འགྲེམས་སྟོན་ཚན་པའི་མི་སྣ་ངོ་མཇལ་དང་གླེང་མོལ་ཞུ་རྒྱུ་བཅས་ཐོག་མའི་དམིགས་ཡུལ་ལྟར་བྱུང་སོང་། ཞེས་འགྲེལ་བརྗོད་གནང་། ཚེས་ ༦ དགོང་མོ་ཆུ་ཚོད་ ༨།༣༠ ཐོག་འགྲེམས་སྟོན་མཇུག་སྒྲིལ་གནང་བ་དང་དུས་མཚུངས་ནིའུ་ཡོག་དང་ནིའུ་འཇར་སི་བོད་རིགས་སྤྱི་མཐུན་ཚོགས་པའི་རྒྱུན་ལས་རྣམས་ཀྱིས་འགྲེམས་སྟོན་ལེགས་གྲུབ་བྱུང་བའི་ཞལ་ལག་འདེགས་འབུལ་ཞུས་པ་དང་། སྐུ་ཚབ་དོན་གཅོད་ཁང་གི་བོད་རིགས་འབྲེལ་མཐུད་པ་དང་། ཕྱི་དྲིལ་དྲུང་འཕར། སྤྱི་མཐུན་ཚོགས་པའི་ཚོགས་གཙོ་བཅས་ནས་ཕན་ཚུན་ཐུགས་རྗེ་ཆེ་ཞུ་དང་། མཇུག་བསྡུའི་གསུང་བཤད་མདོར་བསྡུས་རེ་གནང་།
ཚེས་ ༧ སྔ་དྲོ་དྲུང་འཕར་དང་འགྲེམས་སྟོན་ཚན་པའི་འགན་འཛིན་གཉིས་ནིའུ་འཇར་སི་ནས་མཁའ་ལམ་བརྒྱུད་ཨ་རིའི་མངའ་སྡེ་མི་ནི་སོ་ཊར་ཕེབས། ཚེས་ ༨ ནས་འགོ་བཙུགས་ཏེ་དེ་གར་ཉིན་དྲུག་རིང་འགྲེམས་སྟོན་གནང་གི་ཡོད་པ་བཅས།།