༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༢ ཚེས་ ༥ དང་ ༦ ཉིན་གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་དབང་པོ་མཆོག་གི་བརྒྱ་སྟོན་བརྟན་བཞུགས་དང་། དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེའི་གཙུག་ལག་ཁང་གསར་པའི་རབ་གནས་དང་དབུ་འབྱེད་མཛད་སྒོར་ཆོས་རིག་དྲུང་ཆེ་མཆོག་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད།
དེ་ཡང་ཕྱི་ཚེས་ ༥ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༨།༡༥ ཐོག་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གཙུག་ལག་ཁང་དུ་གདན་ཞུས་ཀྱིས་གཙུག་ལག་ཁང་གི་སྒོ་ཆེན་དུ་ཕྱེ་མར་སྒྲོན་ཅིང་དར་ཚོན་སྣ་ལྔའི་མདུད་པ་དཀྲོལ་ཏེ་དབུ་འབྱེད་དང་རབ་གནས་གནང་། རིན་པོ་ཆེ་མཆོག་གིས་རྟེན་གཙོའི་སྐུ་མདུན་མཆོད་མེ་ཞལ་ཕྱེ་གནང་རྗེས་བཞུགས་ཁྲིར་འཁོད་མཚམས་༸སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་དང་། ཁྲི་བརྟན་ནོར་བུ་རྩེའི་མཁན་རིན་པོ་ཆེ་མཆོག་དང་དཔོན་སློབ་རིན་པོ་ཆེ་མཆོག ཨ་དཀར་བ་བླ་མ་རིན་པོ་ཆེ་མཆོག་བཅས་ནས་མཆོད་མེ་ཞལ་ཕྱེ་གནང་། དེ་ནས་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་གིས་ཐུགས་རྗེ་ཆེ་ཞུས་དང་བཀའ་སློབ་སྩལ་གནང་གིས་སྦྱིན་བདག་གཙོ་བོར་ཐུགས་རྗེ་ལེགས་མཚོན་སྩལ་གནང་མཛད་ཡོད།མཛད་སྒོའི་སྐུ་མགྲོན་གཙོ་བོ་བལ་ཡུལ་དབུས་གཞུང་གི་རིག་གཞུང་དང་ཡུལ་སྐོར། མཁའ་འགྲུལ་བློན་ཆེན་བདྲཱི་པྲསཱད་པཱཎྜེ་ (Badri Prasad Pandey) མཆོག་དང་། བལ་ཡུལ་དབུས་གཞུང་གི་དྲིལ་བསྒྲགས་བློན་ཆེན་པྲིཐྦཱི་སུབྦཱ་གུ་རཱུང་ (Prithvi Subba Gurung) མཆོག་གདན་ཞུས་དང་། གཞན་སྐུ་མགྲོན་དུ་བལ་གཞུང་དགོན་པ་ཡར་རྒྱས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་འཇིགས་གྲོལ་མཆོག་དང་། ནཱགཱརྗུན་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་གི་ཚོགས་གཞོན་སུ་ཤཱིལ་ཨ་དྷི་ཀཱ་རཱི་ལགས། བལ་གཞུང་སྤྱི་ཚོགས་བདེ་དོན་ལྷན་ཚོགས་ཀྱི་དྲུང་ཆེ་མ་ནཱོཇ་བྷཊྚཱ་ལགས། བོད་མི་མང་སྤྱི་འཐུས་ཁག་ཅིག དེ་བཞིན་བལ་ཡུལ་སྐུ་ཚབ་དོན་གཅོད་དང་རྒྱལ་འཕགས་ས་གནས་འགོ་འཛིན། དེ་བཞིན་ས་གནས་ཚོགས་སྡེ་ཁག་གི་སྐུ་ཚབ་སོགས་མགྲོན་འབོད་གནང་ཡོད། གཞན་ཡང་མཛད་སྒོར་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་དང་ཕྱི་དྲོ་ཕྱག་ཚོད་ ༦།༣༠ ཐོག་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་རྣམ་ཐར་༼དཔོན་གསས་བླ་མ་༽ ཞེས་པ་གློག་བརྙན་བོད་སྐད་ཐོག་གཟིགས་འབུལ་ཞུས་ཡོད།ཕྱི་ཚེས་ ༦ ཉིན་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ལ་བརྒྱ་སྟོན་བརྟན་བཞུགས་བསྟར་འབུལ་ཞུས་ཡོད། ༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་བཞུགས་ཁྲིར་འཁོད་མཚམས་སྨན་རི་བླ་བྲང་དང་ཁྲི་བརྟན་ནོར་བུ་རྩེ་བླ་བྲང་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དེ་བཞིན་ནཱགཱརྗུན་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་གི་ཚོགས་གཞོན་སུ་ཤཱིལ་ཨ་དྷི་ཀཱ་རཱི་ལགས་དང་ཤེལ་ཕུ་གསུམ་མདོ་གྲོང་སྡེ་སྤྱི་ཁྱབ་ལྷན་ཁང་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་བཀའ་དྲིན་རྗེས་དྲན་གཟེངས་བསྟོད་ཕུལ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ནས་མཎྜལ་སྐུ་གསུང་ཐུགས་རྟེན་ཕུལ་རྗེས་རིམ་པས་ཁྲི་བརྟན་ནོར་བུ་རྩེའི་དཔོན་སློབ་རིན་པོ་ཆེ་དང་། ཁྲི་བརྟན་ནོར་བུ་རྩེའི་སྒྲུབ་གྲྭའི་མཁན་རིན་པོ་ཆེ། སྨན་རི་གྲྭ་ཚང་འདུས་སྤྱི། ཁྲི་བརྟན་ནོར་བུ་རྩེའི་གྲྭ་ཚང་འདུས་སྤྱི། བོད་ཀྱི་བོན་པོ་ཚོགས་པ། བོན་པོ་ཚོགས་པ་དང་གཞན་དགོན་སྡེ་ཁག་དང་ཆོས་ཚོགས་ཁག ཚོགས་སྡེ་ཁག་བཅས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད།
འདུལ་བའི་མཁན་པོ་དགེ་བཤེས་བསམ་གཏན་གཙུག་ཕུད་ལགས་དང་། ཅརླས་རམ་བལ་ (Charles Ramble) ལགས་ རྣམ་གཉིས་ཀྱིས་དཔོན་གསས་བླ་མའི་རླབས་ཆེན་མཛད་འཕྲིན་ལ་ཕུལ་བའི་བརྒྱ་སྟོན་གསེར་གྱི་མཎྜལ་ཞེས་པའི་དཔེ་དེབ་དང་། བརྒྱ་སྟོན་ཤིས་རྩོམ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ། དེ་བཞིན་ (Celebrating 100 years of Wisdom: Honouring His Eminence Yongdzin Lopon Tenzin Namdak Rinpoche’s 100th Birthday) ཞེས་པ་བཅས་དཔེ་དེབ་གསུམ་དབུ་འབྱེད་གནང་ཡོད། དེ་ནས་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་མཆོག་ནས་སེར་སྐྱ་མི་མང་ཡོངས་ལ་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད།
དེ་ནས་ཕྱག་ཚོད་ ༡༠ ཙམ་ལ་བརྒྱ་སྟོན་བརྟན་བཞུགས་ཀྱི་མཛད་རིམ་གཉིས་པ་དབུ་འཛུགས་ཀྱིས་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་གསུང་བཤད་བཀའ་དྲིན་བསྩལ་བ་དང་། བོད་མིའི་སྒྲིག་འཛུགས་ཆོས་རིག་དྲུང་ཆེ་ནས་གསུང་བཤད་གནང་ཡོད། དེ་རྗེས་ཞྭ་དཀར་གཡུང་དྲུང་བོན་གྱི་བླ་ཆེན་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ མཆོག་གི་བཀའ་སློབ་བརྙན་འཕྲིན་བརྒྱུད་གཟིགས་འབུལ་ཞུས་ཡོད། དགོང་དྲོ་ཕྱག་ཚོད་ ༦།༣༠ ཙམ་ལ་༸སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེའི་རྣམ་ཐར་དཔོན་སས་བླ་མ་ཞེས་པའི་གློག་བརྙན་ཨིན་སྐད་ཐོག་གཟིགས་འབུལ་ཞུས་པ་བཅས།།