༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༠༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། ཆོས་རིག་དྲུང་ལས་ཚེ་རིང་སྟོབས་རྒྱལ་ལགས། བདེ་སྲུང་ལས་ཁུངས་ཀྱི་ལས་བྱེད་འཆི་མེད་བཀྲ་ཤིས་ལགས་བཅས་རྒྱ་གར་ཨུཏྟར་པྲདེཤ་མངའ་སྡེའི་པྲ་ཡག་རཱཇ་གྲོང་ཁྱེར་དུ་ཚོགས་བཞིན་པའི་ཧིན་དུའི་ཆོས་ཕྱོགས་ཀྱི་འདུ་འཛོམས་ཆེ་ཤོས་ཀུམབྷ་མེ་ལར་ཕེབས་ཞུགས་གནང་ཡོད།
དེ་ཡང་ཉིན་དང་པོར་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་ནང་པའི་མཱ་ཧཱ་ཀུམབྷ་གནས་སྐོར་གྱི་མཛད་སྒོར་ཆེད་ཕེབས་གནང་ཞིང་། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་ཕྲུག་དང་། འབྲས་ལྗོངས་ནས་ཕེབས་པའི་དགེ་འདུན་པ་རྣམས་དང་ལྷན་མཇལ་འཕྲད་གནང་ཡོད།
ཉིན་གཉིས་པར་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་ཧི་མ་ལ་ཡའི་ཆོས་རིག་འཛིན་སྐྱོང་ཚོགས་པས་གོ་སྒྲིག་ཞུས་པའི་ (Buddha Special Sangam Maha Kumbh) དུ་ཕེབས་ཞུགས་གནང་བ་དང་། སྐབས་དེར་བསང་གསོལ་དང་། བཀྲ་ཤིས་གཞོལ་པ་བཅས་ཀྱི་སྒོ་ནས་ལྷག་དཀར་སྲུང་བརྩི་ཞུས་ཡོད། དེ་རྗེས་བཀའ་བློན་མཆོག་གིས་འཕགས་བོད་འབྲེལ་མཐུད་ལས་ཁང་གི་གོ་སྒྲིག་གནང་བའི་དཔེ་ཁྲོམ་དུ་གཟིགས་སྐོར་དང་། དང་བླངས་པ་དང་གནས་སྐོར་བ་ལྷན་མཇལ་མོལ་གནང་ཡོད།
བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་མཛད་སྒོ་འདི་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཡིན་པ་དང་། དེས་ཧིན་དུའི་ཆོས་ལུགས་དང་ནང་པའི་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བར་གོམ་སྟབས་གལ་ཆེན་ཞིག་མཚོན་གྱི་ཡོད་པར་གསུངས།
སྤྱིར་མཱ་ཧཱ་ཀུམབྷ་དུས་ཆེན་དེ་བཞིན་འཛམ་གླིང་ནང་མི་མང་འདུ་འཛོམས་ཆེ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། འཛམ་གླིང་ཡོངས་ནས་དད་ལྡན་པ་དང་གནས་སྐོར་བ་ས་ཡ་མང་པོ་འདུ་འཛོམས་བྱེད་ཀྱི་ཡོད་པ་བཅས།།