༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༡ ཚེས་ ༣༡ ཉིན་རྒྱལ་ཡོངས་བདེ་འཇགས་ཀྱི་གོ་རྟོགས་གླེང་སྟེགས་ (Forum for Awareness of National Security) དང་། ལྡི་ལིའི་ཧན་སི་རཱཇ་མཐོ་སློབ་གཉིས་ཀྱི་གོ་སྒྲིག་འོག་རྒྱ་གར་རྒྱལ་ས་ལྡི་ལིའི་ཧན་སི་རཱཇ་མཐོ་སློབ་ཏུ་རྒྱལ་སྤྱིའི་ཧི་མ་ལ་ཡ་རྒྱ་གར་རྒྱ་མཚོའི་རྒྱལ་ཡོངས་ཚོགས་པའི་གླེང་སྟེགས་ (Himalaya Hind Mahasagar Rashtra Samuh International Conference) ཐེངས་ ༥ པའི་མཇུག་བསྡོམས་མཛད་སྒོ་ཚོགས་ཡོད།
དེ་ཡང་མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོར་རྒྱ་གར་དབུས་གཞུང་གི་ཕྱི་སྲིད་བློན་ཆེན་ཟུར་པ་འབུམ་རམས་པ་རཱཇ་ཀུ་མཱར་རན་ཇན་སིངྒ་ (Dr Rajkumar Ranjan Singh) མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག གཞན་ཡང་རྒྱ་གར་གི་གསར་འགོད་པ་རྒན་པ་རཱམ་བྷ་ཧ་དུར་རའི་ (Ram Bahadur Rai) ལགས་སྐུ་མགྲོན་དུ་ཕེབས་ཞུགས་གནང་ཡོད། སྐབས་དེར་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པ་ཨར་ཨེ་སི་ཨེ་སི་ (RSS) ཚོགས་པའི་ཚོགས་མི་དང་། རྒྱལ་ཡོངས་བདེ་འཇགས་ཀྱི་གོ་རྟོགས་གླེང་སྟེགས་ཀྱི་དབུ་ཁྲིད་སྐུ་ཞབས་ཨིན་དྲེཤ་ཀུ་མར་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་སྟེ་མཇུག་བསྡོམས་མཛད་སྒོ་དབུ་འཛུགས་གནང་།
ཚོགས་འདུའི་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་གནད་དོན་སྐོར་དང་། རྒྱ་གར་དང་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་དབར་འབྲེལ་ལམ་དང་དཔལ་འབྱོར་གོང་མཐོར་གཏོང་ཐབས་ཐད་བགྲོ་གླེང་གནང་ཡོད་པ་བཅས།།