![](https://bod.jalus.net/wp-content/uploads/2025/02/1-1-1.jpg)
ཉིན་དེའི་ཉིན་རྒྱབ་སྤྱི་འཐུས་རྣམ་པ་གཉིས་ཇོ་ནང་རྟག་བརྟན་ཕུན་ཚོགས་ཆོས་གླིང་དང་ཇོ་ནང་རྟག་བརྟན་རྒན་གསོ་ཁང་། སྔ་འགྱུར་མ་དགོན་སིམ་ལ་ཐུབ་བསྟན་རྡོ་རྗེ་བྲག་ཨེ་ཝཾ་ལྕོག་སྒར་ཆོས་འཁོར་རྣམ་རྒྱལ་གླིང་། སིམ་ལ་དབྱངས་ཅན་དགའ་ཚལ་གླིང་གི་གྲོང་སྡེ་ཁག་དང་། སིམ་ལ་སྤྱི་ཁྱབ་ལས་ཁུངས་བཅས་ལ་གཟིགས་སྐོར་གནང་ཡོད་འདུག
ཕྱི་ཚེས་ ༣ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༣༠ སྟེང་སྤྱི་འཐུས་རྣམ་པ་གཉིས་ནས་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཁཱུལ་ཌིབ་ སིང་ པཱ་ཐ་ནེཡ་ (Kuldeep Singh Pathania) མཆོག་དང་ལྷན་མཇལ་འཕྲད་གནང་སྟེ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱག་རྟགས་དང་ཡིག་ཆ་ཁག་བཅས་ཕུལ་ཏེ་བཀའ་མོལ་ལྷུག་པོ་གནང་ཡོད་འདུག སྐབས་དེར་སྤྱི་འཐུས་རྣམ་གཉིས་ཀྱིས། རྒྱ་གར་གཞུང་མང་གཉིས་དང་། ལྷག་པར་དུ་ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ཀྱིས་བོད་མི་ཚོར་མཐུན་འགྱུར་རོགས་རམ་གནང་དང་གནང་མུས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ལ་རྡོག་རོལ་ཤུགས་ཆེན་གཏོང་གི་ཡོད་པ་མ་ཟད། བོད་པའི་ཆོས་དང་རིག་གཞུང་། ཁོར་ཡུག་མི་རིགས་དང་བཅས་པ་རྩ་མེད་བཟོ་བའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྐོར་སོགས་ངོ་སྤྲོད་ཞུས་སྐབས། གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་བོད་མིའི་ལྟེ་གནས་དྷ་རམ་ས་ལ་གཙོས་པའི་ཧི་མཱ་ཅལ་ནང་གི་བོད་པ་ཚོ་ཧི་མཱ་ཅལ་གྱི་ཆ་ཤས་ཤིག་ཡིན་སྟབས། ཁོང་ཚོར་གཟིགས་རྟོག་གནང་རྒྱུ་མངའ་སྡེ་གཞུང་གི་ལས་འགན་ཡིན་སྐོར་དང་། རྒྱ་ནག་གཞུང་གིས་བོད་ནང་དཀའ་ངལ་བཟོ་བཞིན་ཡོད་པ་དེ་རིམ་གྱིས་རྒྱ་གར་ལའང་ཉེན་ཁ་ཞིག་ཆགས་ཀྱི་ཡོད་སྟབས། རྒྱ་གར་དབུས་དང་ཧི་མཱ་ཅལ་མངའ་གཞུང་གིས་བོད་པར་རྒྱབ་སྐྱོར་མུ་མཐུད་གནང་ངེས་ཡིན་སྐོར། དེ་བཞིན་མ་འོངས་པར་ཁོ་རང་བཞུགས་སྒར་དྷ་རམ་ལ་ལར་བཅར་འདོད་ཡོད་སྐོར་སོགས་གསུངས་ཡོད་པ་དང་། མཇུག་ཏུ་སྤྱི་འཐུས་རྣམ་གཉིས་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་ཚོགས་ཁང་ལ་གཟིགས་སྐོར་དུ་འཁྲིད་གནང་ཡོད་འདུག
ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༤།༠༠ པའི་སྟེང་སྤྱི་འཐུས་རྣམ་གཉིས་ནས་ཧི་མཱ་ཅལ་མངའ་སྡེའི་གཞུང་གི་སྲིད་སྐྱོང་ཤིབ་ པར་ཏེབ་ ཤུག་ལ་ (Governor Shiv Pratap Shukla) མཆོག་དང་ལྷན་མཇལ་འཕྲད་གནང་སྟེ། སྤྱི་འཐུས་རྣམ་གཉིས་ཀྱིས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་རྡ་རམ་ས་ལར་རྟེན་གཞི་བྱས་ཡོད་པ་མ་ཟད། ཧི་མཱ་ཅལ་མངའ་སྡེའི་ནང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༡༤ ཙམ་གནས་ཡོད་པར་མཐུན་འགྱུར་རོགས་རམ་གནང་བར་ཧི་མཱ་ཅལ་མངའ་སྡེ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། ཧི་མཱ་ཅལ་གྱི་བོད་མིའི་ས་གནས་ཁ་ཤས་ལ་དཀའ་ངལ་ཡོད་པ་དང་། ལྷག་དོན་སིམ་ལར་རྟེན་གཞི་བྱས་པའི་བོད་མི་སྐྱབས་བཅོལ་བའི་སྡོད་གནས་ཁག་ཅིག་ལ་ཁྲིམས་མཐུན་ཡིག་ཆ་མེད་པའི་དཀའ་ངལ་ཡོད་པ་སོགས་ཞུས་སྐབས་མངའ་སྡེའི་སྲིད་སྐྱོང་མཆོག་གིས་བོད་མི་ཚོར་རོགས་རམ་གནང་ཐུབ་ཞུ་ངེས་ཡིན་སྐོར་དང་། སྤྱིར་ཁོང་གིས་བོད་པའི་རྩ་དོན་འཐབ་རྩོད་དང་བོད་པ་སྐྱབས་བཅོལ་བའི་གནས་སྟངས་སོགས་ལ་ཐུགས་སྣང་ཆེན་པོ་གནང་གི་ཡོད་སྐོར་གསུངས་ཡོད་འདུག
ཕྱི་དྲོའི་ཆུ་ཚོད་ ༤།༥༠ སྟེང་མངའ་སྡེ་ཁྲལ་བསྡུའི་བློན་ཆེན་སྐུ་ཞབས་ཇཱ་གྷཏ་ སིངྒ་ ནི་གྷི་ (Revenue Minister Shri Jagat Singh Negi) མཆོག་དང་མཇལ་འཕྲད་ཞུས་ཏེ། སྤྱི་འཐུས་རྣམ་གཉིས་ཀྱིས་རྒྱ་གར་གཞུང་གིས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ (Tibetan Rehabilitation Policy 2014) ཞེས་པ་དང་། ཧི་མཱ་ཅལ་མངའ་སྡེ་གཞུང་གིས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༥ (Tibetan Rehabilitation Policy, Himachal Pradesh, 2015) ཞེས་པ་གཉིས་ལག་བསྟར་གང་ལེགས་གནང་གལ་ཆེ་སྐོར་ཞུས་སྐབས། བློན་ཆེན་མཆོག་གིས་ཐུགས་སྣང་ཆེན་པོས་སླད་བོད་མི་སྐྱབས་བཅོལ་བ་ཚོར་རོགས་རམ་གནང་ཐུབ་གནང་ངེས་ཡིན་སྐོར་གསུངས་ཡོད་འདུག
གཞན་ཡང་སྤྱི་འཐུས་རྣམ་པ་གཉིས་ཀྱིས་ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༠༠ སྟེང་སིམ་ལ་སཾ་བྷོ་ཊ་གཏན་སློབ་ཀྱི་ཚོགས་ཁང་ནང་མི་མང་ཚོགས་འདུ་ཚོགས་ཏེ། སློབ་གྲྭའི་སློབ་སྤྱི་མཆོག་གིས་གཙོས་པའི་དགེ་ལས་རྣམ་པ་དང་། ས་གནས་འཐུས་མི་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་འགན་འཛིན། དེ་བཞིན་སིམ་ལ་དབྱངས་ཅན་དགའ་ཚལ་གླིང་གཞིས་ཆགས་ཀྱི་གྲོང་སྡེ་ཁག་གི་བརྒྱ་དཔོན་རྣམ་པ་དང་མི་མང་བཅས་ལྷན་འཛོམས་ཐོག སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། དེ་བཞིན་རྒྱལ་སྤྱིའི་ཐོག་གི་བོད་དོན་གནས་བབ་ངོ་སྤྲོད་དང་། སྤྱི་འཐུས་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་བོད་ནང་གི་ད་ལྟའི་གནས་བབ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་བཅས་བརྗོད་གཞི་ཁག་གི་ཐོག་གསུང་བཤད་དང་མི་མང་ལྷན་དྲི་བ་དྲིས་ལན་བཅས་གནང་ཡོད་འདུག
མི་མང་ཚོགས་འདུའི་མཇུག་ཏུ་སློབ་གྲྭར་གཟིགས་སྐོར་གནང་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་ ༢།༣༠ སྟེང་སིམ་ལ་ཁུལ་གྱི་ལས་དོན་ཡོངས་སུ་ལེགས་གྲུབ་བྱུང་སྟེ། སྤྱི་འཐུས་རྣམ་གཉིས་སོ་ལན་དང་བོན་གཞིས་ཕྱོགས་སུ་ཕེབས་ཐོན་གནང་ཡོད་པ་བཅས། །