༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༠༡ ཉིན་ས་གནས་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་ཚོགས་འདུ་ཐེངས་གཉིས་པ་དེ་བཞིན་མཇུག་སྒྲིལ་ཡོད། ཚོགས་འདུ་དེར་ཨིན་ཡུལ་དང་། ལཊ་ཝི་ཡ། ལི་ཐུ་ནི་ཡ། ཨེས་ཏོ་ནི་ཡ། ཕིན་ལེནྜ། སྭི་ཌན། ནོར་ཝེ། ཌེན་མག་བཅས་རྒྱལ་ཁབ་བརྒྱད་ནས་མི་གྲངས་ ༢༥ མཉམ་ཞུགས་གནང་སྟེ་བོད་དོན་ཞུ་གཏུག་གི་ནུས་པ་ཤུགས་ཆེར་གཏོང་ཐུབ་པ་བྱུང་ཡོད།
དེ་ཡང་ཡུ་རོབ་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བཀྲས་མཐོང་དབང་པོ་ལགས་ཀྱིས་ཚོགས་ཐུན་གཉིས་གཙོ་སྐྱོང་གནང་སྟེ་ཚོགས་འདུའི་བརྗོད་གཞིའི་ཐོག་གྲོས་བསྡུར་གནང་ཡོད། སྐབས་དེར་ཚོགས་བཅར་བ་རྣམས་ཀྱིས་སོ་སོའི་རྒྱལ་ཁབ་ཀྱིས་བོད་ཅེས་པར་འགྲེལ་བརྗོད་བྱེད་སྟངས་དང་། གནས་བབ་བཅས་བྱེད་སྒོའི་བརྒྱུད་དཔྱད་ཞིབ་གནང་།དེ་ནས་ཨ་རིའི་བོད་རྒྱའི་རྩོད་རྙོག་གི་ཁྲིམས་ཡིག་གི་དགོངས་དོན་གཞིར་བཟུང་རང་རང་གི་རྒྱལ་ཁབ་ཀྱི་གནས་བབ་ལ་ཨང་གྲངས་ ༡ ནས་ ༡༠ བར་དཔྱད་ཞིབ་བྱས་ཏེ་གྲོས་བསྡུར་གནང་། དེ་བཞིན་སྐུ་ཚབ་རྣམ་པས་རང་རང་གི་ས་ཁུལ་ནས་བོད་དང་འབྲེལ་བའི་གནས་ཚུལ་གལ་ཆེན་རྣམས་བརྗེ་རེས་གནང་སྟེ་ཞུ་གཏུག་གི་ལས་འགུལ་ཤུགས་ཆེ་རུ་གཏོང་བར་ཕན་ཐོགས་ཆེན་པོ་བྱུང་ཡོད།
ཉིན་རྒྱབ་ཀྱི་ཚོགས་ཐུན་སྐབས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་འགན་འཛིན་ལྕམ་མེན་ཌི་མེཀ་ཀེ་ཨོན་ (Mandie McKeown) ལགས་དང་། (Tibet Justice Centre) ཞེས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཐད་ཞུ་གཏུག་གནང་མཁན་ཚོགས་པའི་གོ་ལོ་རི་ཡ་མོན་ཊི་གོ་མེ་རི་ (Gloria Montgomery) རྣམ་ལགས་གཉིས་ཀྱིས་ཆུ་ཚོད་གཉིས་རིང་གི་སྦྱོང་བརྡར་གནང་སྐབས། ལྕམ་མན་ཌི་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་བོད་དོན་ཞུ་གཏུག་གི་ཐབས་བྱུས་ཡར་རྒྱས་གཏོང་ཕྱོགས་དང་། གནས་སྐབས་དང་ཕུགས་རྒྱང་རིང་པོའི་དམིགས་ཡུལ་དབྱེ་འབྱེད་བྱེད་ཕྱོགས་སྐོར་ལམ་སྟོན་གནང་། དེ་རྗེས་ལྕམ་གོ་ལོ་རི་ཡ་ལགས་ཀྱིས་ཆབ་སྲིད་པ་དང་། གནད་ཡོད་མི་སྣ་དང་མཉམ་དུ་ཞུ་གཏུག་གནང་ཕྱོགས་དང་། ལག་ལེན་དངོས་ཀྱི་ཉམས་མྱོང་སྤེལ་རེས་གནང་ཡོད།
ཚོགས་འདུའི་མཐར་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་གསུང་བཤད་གནང་ཞིང་། བཀྲས་མཐོང་དབང་པོ་ལགས་དང་། ལྕམ་མེན་ཌི་མེཀ་ཀེ་ཨོན་ལགས། ལྕམ་གོ་ལོ་རི་ཡ་མོནཊ་གོ་མེ་རི་ལགས་བཅས་ཀྱིས་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད། དེ་བཞིན་ཁོང་མོས་ཚོགས་བཅར་བ་རྣམས་ནས་མཉམ་ཞུགས་གནང་བར་བསྔགས་བརྗོད་དང་། ཚོགས་འདུའི་རིང་གང་ཤེས་པ་རྣམས་སོ་སོའི་རྒྱལ་ཁབ་ནང་བོད་དོན་ཞུ་གཏུག་ཡར་རྒྱས་གཏོང་བར་ལག་བསྟར་གནང་དགོས་པའི་སྐུལ་མ་གནང་། སྐུ་ཚབ་དོན་གཅོད་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཌེན་མག་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨེན་ཌར་སི་ཨེཆ་ཨེན་ཌར་སེན་ལགས་དང་། ཌེན་མག་བོད་རིགས་ཚོགས་པ་བཅས་ལ་ཐུགས་རྗེ་ཆེ་ཞུས།
ས་གནས་ཀྱི་གཞུང་ཁོངས་མིན་པའི་ཚོགས་པའི་སྐུ་ཚབ་རྣམས་ནས་ཐབས་བྱུས་ལྡན་པའི་ཐོག་བོད་རྒྱའི་རྩོད་རྙོག་གི་ཁྲིམས་ཡིག་ལྟར་སོ་སོའི་གྲོས་ཚོགས་ནང་གཏན་འབེབས་ཡོང་ཐབས་འབད་བརྩོན་གནང་རྒྱུའི་ཁས་ལེན་གནང་ཡོད་པ་བཅས།།